01

ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་དུས་མཚུངས་ལས་16.8%འཕར་བ། ཡུལ་སྐོར་ཞབས་ཞུ་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ། 2024年06月14日

འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར།

རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་24319.6ཟིན་པ་དེ་དུས་མཚུངས་ལས་16.8%འཕར་ཡོད།

དེའི་ནང་ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་48.6%འཕར་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་མུ་མཐུད་མགྱོགས་མྱུར་འཕར་ནས་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་24319.6ཟིན་པ་དེ་དུས་མཚུངས་ལས་16.8%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་9846.9བྱས་པ་དེ་དུས་མཚུངས་ལས་11%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་14472.7བྱས་པ་དེ་དུས་མཚུངས་ལས་21.2%འཕར་ཡོད།

ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཚོང་དོན་མུ་མཐུད་འཕར་བ། ཟླ་བ་དང་པོ་ནས་བཞི་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་9637.2བྱས་པ་དེ་དུས་མཚུངས་ལས་6.4%འཕར་ཡོད། དེའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་སྒོར་དུང་ཕྱུར་5562.9བྱས་པ་དེ་དུས་མཚུངས་ལས་3.3%འཕར་ཞིང་། འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་ཤེས་བྱའི་བདག་དབང་བེད་སྤྱོད་གྲོན་དངུལ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་ཡོད་པ་དང་འཕར་ཚད་26.8%དང་16.7%སོ་སོར་ཟིན་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་སྒོར་དུང་ཕྱུར་4074.3བྱས་པ་དེ་དུས་མཚུངས་ལས་10.9%འཕར་ཞིང་། འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་ཚོང་ལས་ཞབས་ཞུ་གཞན་དག་ཡོད་པ་དང་འཕར་ཚད་54.5%དང་15%སོ་སོར་ཟིན་ཡོད།

ཡུལ་སྐོར་ཞབས་ཞུ་མགྱོགས་མྱུར་འཕར་བ། ཟླ་བ་དང་པོ་ནས་བཞི་པའི་བར་ཡུལ་སྐོར་ཞབས་ཞུ་མགྱོགས་མྱུར་འཕར་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་6600.3བྱས་པ་དེ་དུས་མཚུངས་ལས་48.6%འཕར་ནས་ཞབས་ཞུ་ཚོང་དོན་གྱི་ཁྱབ་ཁོངས་ཆེ་གྲས་དང་པོར་གྱུར་ཡོད། ན་ནིང་གི་ལོ་མཇུག་ནས་བཟུང་། རང་རྒྱལ་གྱིས་ཧྥ་རན་སེ་དང་། འཇར་མན། དབྱི་ཐ་ལི་སོགས་རྒྱལ་ཁབ་མང་པོ་ཞིག་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་མངའ་ཁོངས་སུ་འཛུལ་ཆོག་པའི་སྲིད་ཇུས་བསྟུད་མར་ལག་བསྟར་བྱས་པ་དང་ཨན་ཐི་ཀྭ་དང་པ་པུ་ཏ་དང་། སིང་ཀ་ཕོར། ཐེ་ལན་བཅས་དང་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་མཐུན་བཞག་ནས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི“གྲོགས་ཚོགས”མུ་མཐུད་རྒྱ་ཆེར་ཕྱིན་པ་དང་རྒྱལ་མཚམས་འཛུལ་སྒྲོལ་རྒྱུན་ཆད་མེད་པར་སྟབས་བདེ་རུ་ཕྱིན་ཡོད།

མིག་སྔར། ཞབས་ཞུ་ལས་རིགས་དེ་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ནས་ཞབས་ཞུ་ཚོང་དོན་དང་། དངོས་ཟོག་ཚོང་དོན། གྲངས་འཛིན་ཚོང་དོན་བཅས་རང་རྒྱལ་གྱི་ཚོང་དོན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི“ཀ་རྟེན་ཆེན་པོ་གསུམ”ལ་གྱུར་ཡོད། གྲངས་འཛིན་ལག་རྩལ་མགྱོགས་མྱུར་ཚད་བརྒལ་བྱུང་བ་དང་ཁྱབ་ཁོངས་ཁག་གི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་རྒྱལ་སྒྲོལ་ཞབས་ཞུ་ཚོང་དོན་གྱི་གཏིང་ཤུགས་སྔར་བས་སྐུལ་སྤེལ་ཐུབ་ནས་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ལ་འགྱུར་རྒྱུ་རེད། གོམ་སྟབས་རྗེས་མར་ཚོང་དོན་པུས་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་གཏོང་བ་དང་། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་ཁྱད་ལྡན་ཞབས་ཞུ་ཕྱིར་གཏོང་དང་ཞིབ་སྤེལ་ཇུས་འགོད། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་། ཁོར་ཡུག སྨན་བཅོས་སོགས་ཞབས་ཞུ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

(ལྷ་དབང་དང་ལྷག་ཚེས་སྒྱུར་ཞུས་བྱས)