02

ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་བསྟན་དོན། སྡེ་ཁུལ་དང་བླངས་ཞབས་ཞུའི་གཡུལ་ས་གཙོ་བོ་དང་རྣམ་པ་གཙོ་བོར་བརྩི་དགོས། 2024年06月09日

འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། 《དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》བཀོད་སྒྲིག་དང་དོན་འཁྱོལ་བྱས་ནས་དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་6ཉིན་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་ཀོང་ཏུང་ཀོང་ཀྲོའུ་གྲོང་ཁྱེར་དུ་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་བཀོད་སྒྲིག་གི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྡེ་ཁུལ་དེ་ཉིད་དང་བླངས་ཞབས་ཞུའི་གཡུལ་ས་གཙོ་བོ་དང་རྣམ་པ་གཙོ་བོར་བརྩིས་ནས་གཞི་རིམ་བཅོས་སྐྱོང་དང་མང་ཚོགས་ཀྱི་འཚོ་བ་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས་ཞེས་བཏོན་ཡོད།

ཚོགས་འདུའི་ཐོག་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་བླངས་ཞབས་ཞུའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་སྤྱི་ཚོགས་ཞུགས་ཚད་རྒྱ་ཆེ་ལ་མང་བ་དང་། རིན་ཐང་གི་སྟོན་ཕྱོགས་མངོན་གསལ་དོད་པ། ནུས་པ་འདོན་སྤེལ་དེ་བས་མངོན་གསལ་དོད་པ་བཅས་ཡོད། གོམ་སྟབས་རྗེས་མར་དང་བླངས་ཞབས་ཞུའི་ལས་དོན་གྱིས་ཏང་འཛུགས་སྐྱོང་གི་ཁྲིད་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་སྣེ་ཁྲིད་ནས་འགན་འཁུར་བ་དང་འབྲེལ་ཡོད་སྡེ་ཚན་དང་ཚོགས་པའི་རྩ་འཛུགས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པའི་དང་བླངས་ཞབས་ཞུའི་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱབ་སྐྱོར་དང་འགན་ལེན་ཡག་པོ་བྱེད་པ། དང་བླངས་རིག་གནས་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པ་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།

(བསྟན་བཟང་གིས་བསྒྱུར། ལྷག་ཚེས་ཞུས)