འདི་ག་ཚགས་པར་ཁང་དུ་ཅི་ནན་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་4ནས་6ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཧྲན་ཏུང་ཅི་ནན་དུ་2024ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་པ་གཉེར་ཞིང་། འདེམས་བསྐོའི་ཚན་པ་34ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་196གིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་འགན་སྒྲུབ་སློབ་སྦྱོང་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས། དུས་ཐེངས་འདིའི་སློབ་སྦྱོང་འཛིན་གྲྭར་གཙོ་བོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་བྱེད་པ། ཆེད་ལས་ལག་རྩལ་པ་སོགས་གདན་དྲངས་ཡོད་པ་དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་། ལྷག་པར་དུ། ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་སོགས་བརྒྱུད། གཞི་ཆེའི་དཔལ་འབྱོར་སྲིད་ཇུས་དང་། སྒྱུར་བཅོས་བྱེད་ཐབས་གལ་ཆེན། ཀྲུང་གོའི་དཔལ་འབྱོར་གནས་བབ་བཅས་ལ་གསལ་འགྲེལ་བྱས་ནས། འཐུས་མི་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་རམ་འདེགས་བྱས་ཏེ། སྤུས་ཚད་མཐོ་བའི་འགན་འཁྲི་བསྒྲུབས་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།
སློབ་ཚན་གྱི་བཀོད་སྒྲིག་ལྟར། སློབ་སྦྱོང་འཛིན་གྲྭས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་པོ་སྐྲུན་པ། བཟོ་ལས་ཅན་གསར་པར་སྐུལ་འདེད་མགྱོགས་པོ་གཏོང་བ། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། མིག་སྔའི་གཞི་ཆེའི་དཔལ་འབྱོར་གྱི་གནས་བབ་དང་སྲིད་ཇུས་སོགས་ལ་དམིགས་ནས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚོང་དོན་པུའུ། ཀྲུང་གོ་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་སོགས་སྡེ་ཚན་དང་ཚན་པའི་འགན་འཁུར་བློ་མཐུན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་སྙན་སེང་ཞུས་པ་རེད། སློབ་སྦྱོང་འཛིན་གྲྭར་ད་དུང་ཡུལ་དངོས་སློབ་ཁྲིད་ཀྱང་བཀོད་སྒྲིག་བྱས་ནས། ས་གནས་ས་ཐོག་ཏུ་བསྐྱོད་དེ་མཐོ་གསར་ལག་རྩལ་ཐོན་ལས་ལ་ལྟ་སྐོར་བྱས་པ་དང་སྦྲགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ་མཉམ་འགུལ་སྤེལ་རེས་ཀྱང་བྱས་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)