འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར《2024ལོ་ནས་2026ལོ་བར་གྱི་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་ལག་བསྟར་བྱས་ཤིང་། 《བསམ་འཆར》ནང་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བེད་སྤྱོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། ཞིང་འཕྲུལ་ཞིབ་འཇུག་ཐོན་སྐྱེད་དང་ཁྱབ་སྤེལ་བེད་སྤྱོད་ཀྱི་འཁོར་འབྲེལ་ཧྲིལ་པོའི་གཞོགས་འདེགས་ལ་སྣེ་ཁྲིད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ཏན་ཏིག་དང་ཞིང་ལས་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད།
གཙོ་གནད་རྒྱབ་སྐྱོར་གྱི་ཐད། 《བསམ་འཆར》ནང་། ནུས་ཆེའི་སོན་འདེབས་འཕྲུལ་འཁོར་དང་། རིག་ནུས་མྱུར་འདེབས་ལྗང་འཛུགས་འཕྲུལ་འཁོར། རིག་ནུས་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཆེ་གྲས་སོགས་འབྲུ་སྣུམ་སོགས་ལོ་ཏོག་གཙོ་བོའི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་གཏོང་དང་། རི་མ་ཐང་ས་ཆའི་ཞིང་ལས་ཐོན་སྐྱེད་ཀྱི་འཕྲལ་མཁོ། ཞིང་འཕྲུལ་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། ཞིང་ལས་ཁྱབ་ཁོངས་གཞན་དག་འཕེལ་རྒྱས་ལ་འཕྲལ་མཁོ་ཆེ་བ་བཅས་ལ་ཕན་པའི་ཞིང་ལས་འཕྲུལ་ཆས་མངོན་གསལ་དོད་དུ་གཏོང་དགོས། ཁ་གསབ་འོས་ཐོབ་ཀྱི་ཐད། གསལ་འབྱེད་ལམ་སྲོལ་གསར་གཏོད་ལ་ལྕག་སྐུལ་བྱས་ཏེ་འཕྲལ་མཁོ་དང་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་གསལ་འབྱེད་ཀྱི“ཤར་སྐྱོད་འགྲོ་ལམ”གཏོད་པ་དང་། ཞིང་ལས་འཕྲུལ་ཆས་ཐོན་རྫས་ཀྱི་སྤུས་ཚད་ཁས་ལེན་དང་ཕྱོགས་གསུམ་པའི་ལས་ཁུངས་ཀྱི་ཞིབ་བཤེར་ཚད་ལེན་བྱས་འབྲས་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་དགོས། ཁ་གསབ་ཚད་གཞིའི་ཐད། ཁྱད་པར་ཅན་གྱི་ཁ་གསབ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་འཕྲུལ་ཆས་ཁག་གཅིག་གི་ཁ་གསབ་གྲངས་འབོར་མང་དུ་གཏོང་བ། ཞན་ཆ་སེལ་བའི་གསར་གཏོད་འཕྲུལ་ཆས་ཀྱི་དམིགས་བསལ་ཁ་གསབ་ལག་ལེན་བསྟར་བ། འཕྲུལ་ལེགས་གསབ་ལེགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)