འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་འགན་བཅོལ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་དངོས་སུ་བྱེད་འགོ་བཙུགས་པ་རེད།
སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ནི་2011ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་ཞིང་། དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཚད་ལྡན་དུ་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་དང་པོ་དེ་ཡིན། ཚེས་4ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རིང་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་ས་གནས་སུ་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་མངགས་བཅོལ་བྱས་ནས་ཞིབ་བཤེར་བྱེད་པའི་བྱ་ཐབས་ཟུང་འབྲེལ་གྱིས་སྤྱོད་རྒྱུ་ཡིན་ཞིང་། ཟླ་6པ་ནས་ཟླ་7པའི་བར་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་ཧེ་ལུང་ཅང་དང་། ཧྲང་ཧའེ། ཅང་ཤིས། ཀོང་ཏུང་། སི་ཁྲོན། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དྲུག་ཏུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱ་རྒྱུ་དང་། ཟླ་5པ་ནས་ཟླ་8པའི་བར་ལེའོ་ཉིང་དང་། ཀྲེ་ཅང་། ཨན་ཧུའེ། ཧོ་ནན། ཁྲུང་ཆིང་། མཚོ་སྔོན་བཅས་ཞིང་ཆེན(གྲོང་ཁྱེར)དྲུག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་མངགས་བཅོལ་བྱས་ནས་སྲིད་འཛིན་ས་ཁོངས་དེ་གའི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་རེད།
ཁྲིམས་སྒྱུར་ཞིབ་བཤེར་བྱེད་རིང་ཞིབ་བཤེར་ཚོགས་ཆུང་གིས་ཕྱོགས་6གི་ནང་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་སྟེ། སྤྱི་ཚོགས་འགན་བཅོལ་གྱི་འགན་བཅོལ་རིགས་ཁག་གི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བ་དང་ཐོབ་ཐང་ལོངས་སུ་སྤྱོད་པའི་གཞི་རྩའི་གནས་ཚུལ་དང་། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བདེ་འཇགས་ངང་འཁོར་རྒྱུག་དང་ལྟ་སྐུལ་དོ་དམ་བྱས་ཚུལ། སྤྱི་ཚོགས་འགན་བཅོལ་གྱི་བརྒྱུད་སྒྲུབ་དོ་དམ་མ་ལག་འཛུགས་སྐྱོང་བྱས་ཚུལ། སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོའི་གནས་ཚུལ་དང་ལེ་ལག་ཚང་བའི་ཁྲིམས་སྲོལ་སྒྲིག་སྲོལ་གཏན་འབེབས་བྱས་ཚུལ། སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ལག་ལེན་བསྟར་སྐབས་འཕྲད་པའི་གནད་དོན་གཙོ་བོ་དང་། བསམ་འཆར་དང་གྲོས་འགོ བཅའ་ཁྲིམས་ཀྱི་དོན་ཚན་དང་སྒྱུར་བཅོས་འཕེལ་རྒྱས་འཚམ་མཐུན་མ་བྱུང་བའི་གནས་ཚུལ་དང་དེ་བཞིན་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་བཅས་རེད།
ཟླ་9པའི་ཟླ་དཀྱིལ་དུ་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་ལ་ཕྱོགས་སྡོམ་དང་། ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། གྲོས་བསྡུར་བསམ་འཆར་གཞིར་བཟུང་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)