ཟིན་ཐོ་གསར་པ་བཏོད་པ། འདི་ལོའི་ཟླ་3པར་ཧོ་པེའི་ཧེང་ཧྲུའེ་རུ་ཞུས་ཀྲོའུ་ཨར་ལས་འཕྲུལ་ཆས་ཚོགས་པའི་XCA4000འཁོར་ལྡན་ལྗིད་འདེགས་འཕྲུལ་འཁོར་གྱིས་འདེགས་ཐེངས་དང་པོ་ལེགས་སྒྲུབ་བྱུང་ནས་ལྗིད་ཚད་ལ་ཏུན་120ཡོད་པའི་གནམ་གྲུའི་གྲུ་ཚང་དང་། རིང་ཚད་ལ་སྨི་95དང་ལྗིད་ཚད་ལ་ཏུན་28ཡོད་པའི་གནམ་གྲུའི་སྒྲོ་གཤོག་སྨི་162བར་བདེ་བླག་ངང་བཏེགས་པ་རེད། ལྗིད་འདེགས་འཕྲུལ་འཁོར་དེས་དངོས་རྫས་ཏུན་230མཐོ་ཚད་སྨི་170བར་འདེགས་ཐུབ་པས་གོ་ལ་ཧྲིལ་པོའི་འཁོར་ལྡན་ལྗིད་འདེགས་འཕྲུལ་འཁོར་ཆེ་ཤོས་ཀྱི་ཟིན་ཐོ་ཐེངས་བདུན་པ་ཞུས་ཀྲོའུ་ཨར་ལས་འཕྲུལ་ཆས་ཚོགས་པས་བཏོད་ཡོད་པ་རེད།
མངགས་ཐོ་མང་པོ་རག་པ། 2024ལོར་ཧྥ་རན་སེའི་ཕ་རི་སིའི་རྒྱལ་སྤྱིའི་ཨར་ལས་འཕྲུལ་ཆས་དང་ཨར་ལས་རྒྱུ་ཆའི་འཕྲུལ་ཆས་དངོས་མང་སྟོན་ཚོགས་སུ་ཀྲུང་གོ་མཉམ་འབྲེལ་ལྗིད་གྲས་ཚན་རྩལ་ཁེ་ལས་ཀྱི་རིག་ནུས་འཕྲུལ་ཆས་ཆེ་གྲས་ལ་སྒོར་དུང་ཕྱུར་1.3ལྷག་ཙམ་གྱི་མངགས་ཐོ་རག་པ་རེད།
“ཨར་ལས་འཕྲུལ་ཆས་ལས་རིགས་ནི་འགུལ་ནུས་གསར་རྙིང་གི་འགྱུར་ལྡོག་མགྱོགས་སུ་གཏོང་བ་དང་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད”ཅེས་ཀྲུང་གོ་ཨར་ལས་འཕྲུལ་ཆས་བཟོ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་སུའུ་ཙི་མོང་གིས་བཤད།
གསུམ་གཅིག་དོང་འཁོར་གྱི“གློག་སྒྲོན་བཟོ་གྲྭས”མི་དང་འཕྲུལ་ཆས་མཐུན་སྦྱོར་དང་། མིས་བཟོས་རིག་ནུས། ཟོག་འབྲེལ་དྲ་རྒྱ་བཅས་ཀྱི་ལག་རྩལ་སྤྱད་དེ་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་85%ཆེ་རུ་བཏང་བ་དང་ཐོན་སྐྱེད་ཀྱི་དུས་འཁོར་77%ཉུང་དུ་བཏང་ཡོད། ཀྲུང་གོ་མཉམ་འབྲེལ་རིག་ནུས་ཐོན་ལས་གྲོང་དུ་སྐར་མ་6རེར་རྐོ་འདྲུའི་འཕྲུལ་འཁོར་རེ་དང་། སྐར་མ་7.5རེར་མཁའ་དབྱིངས་ལས་སྒྲུབ་འཕྲུལ་འཁོར་རེ། སྐར་མ་18རེར་རླངས་འཁོར་གྱི་ལྗིད་འདེགས་འཕྲུལ་འཁོར་རེ་བཅས་ཐོན་སྐྱེད་ཐུབ་ཀྱི་ཡོད།
“གྲངས་འཛིན་ཅན་གྱི་ལག་རྩལ་དེ་ཨར་ལས་འཕྲུལ་ཆས་ལས་རིགས་ཀྱི་རིམ་པ་མང་པོའི་ནང་ཁྱབ་པ་དང་། ཁེ་ལས་མང་པོ་ཞིག་གྲངས་འཛིན་ཅན་གྱི་འཁོར་ཁང་དང་། རིག་ནུས་བཟོ་གྲྭ རིག་ནུས་བཟོ་སྐྲུན་གྱི་ཕུལ་བྱུང་ས་ཆ་བཅས་ཀྱི་མིང་ཐོའི་ནང་ཚུད་ཡོད་པས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་འཕེལ་རྒྱས་གསར་པ་བྱུང་ཡོད”ཅེས་སུའུ་ཙི་མེང་གིས་བཤད།
གྲངས་གཞི་ལས་མངོན་པར། ན་ནིང་རང་རྒྱལ་གྱི་ཨར་སྐྲུན་འཕྲུལ་ཆས་ཕྱིར་གཏོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་485.52ཟིན་པ་དེ་དུས་མཚུངས་ལས་9.59%འཕར་ཡོད། འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ཨར་ལས་འཕྲུལ་ཆས་ཕྱིར་གཏོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་120.07ཟིན་པ་དེ་དུས་མཚུངས་ལས་2.6%འཕར་ཡོད། ཁེ་ལས་རྒྱལ་སྤྱི་ཅན་གྱི་གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་ཚོང་གཉེར་ཞབས་ཞུའི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྲོལ་རྒྱུན་ཁྲོམ་ར་སྔར་བས་བརྟན་དུ་ཕྱིན་པ། གསར་དར་ཁྲོམ་ར་མགྱོགས་མྱུར་འཕར་བ་བཅས་རང་རྒྱལ་གྱི་ཨར་ལས་འཕྲུལ་ཆས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ལེགས་ཆ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། “ལོ་ཧྲིལ་པོར་རྒྱང་ལྟ་བྱས་ན། སྲིད་ཇུས་ཀྱི་ནུས་པ་རིམ་བཞིན་འདོན་སྤེལ་དང་ཁྲོམ་རའི་ཁོར་ཡུག་བརྟན་པོའི་ངང་ལེགས་སུ་འགྲོ་བ་དང་བསྟུན་ནས་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་སྤྱིའི་ཆ་ནས་ན་ནིང་ལས་ལེགས་སུ་འགྲོ་ངེས་རེད”ཅེས་སུའུ་ཙི་མོང་གིས་བཤད།