02

འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་བླང་བྱ་བཏོན་དོན། ལྔ་པའི་ཚེས་ལྔའི་ངལ་གསོའི་སྔ་རྗེས་ཀྱི་བདེ་འཇགས་འགོག་སྲུང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། 2024年06月07日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་པུའི་ཏང་ཨུད་ཚོགས་འདུ་དང་པུའི་ལས་དོན་ཚོགས་འདུ་འཚོགས་ཏེ་མིག་སྔའི་བདེ་འཇགས་འགོག་ཟོན་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། ཚོགས་འདུར་ལྔ་པའི་ཚེས་ལྔའི་ངལ་གསོའི་ཉིན་མོ་འཆར་ལ་ཉེ་བའི་སྐབས་འདིར་མང་ཚོགས་ཕྱིར་སྐྱོད་པ་དང་ཡུལ་སྐོར་དུ་འགྲོ་མཁན་མང་བས་ངེས་པར་དུ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་བདེ་འཇགས་འགོག་སྲུང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུར་འགན་འཁྲི་ལག་ལེན་ནན་ཏན་བསྟར་ནས་ཡུལ་སྐོར་ལས་རིགས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། རིགས་ཁག་གི་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་། འགྲུལ་པ་སྐྱེལ་འདྲེན་ཁེ་ལས་སོགས་ཚན་པས་གནོད་འཚེའི་གནམ་གཤིས་ཀྱི་ཉེན་བརྡའི་བརྡ་ལན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་དུས་ཐོག་ཏུ་སྒོ་རྒྱག་པ་དང་། གནམ་གྲུ་གཏོང་མཚམས་འཇོག་པ། སྐྱེལ་འདྲེན་བྱེད་མཚམས་འཇོག་པ་སོགས་ཀྱི་བྱ་ཐབས་ལ་ལྟ་སྐུལ་བྱེད་དགོས་པ་དང་། ས་གནས་ཀྱིས་སྒོ་མ་དབྱེ་བའི་མཛེས་ལྗོངས་ཁུལ་དང“དྲ་ཐོག་མིང་ཅན་སྐྱོད་ས”སོགས་ལྟ་འདོམས་ཁོངས་སུ་འཇུག་རྒྱུར་ལྟ་སྐུལ་བྱས་ནས་བདེ་འཇགས་ཀྱི་དྲན་སྐུལ་དང་ཁ་འགྲེམས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲོལ་རྒྱུན་གྱི་གྲོང་སྡེ་དང་། བརྗོད་དོན་གཙོ་བོའི་སྤྱི་གླིང་། མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་། རྟེན་མཛོད་ཁང་སོགས་བྱེད་སྒོ་སྤེལ་ཡུལ་གཙོ་བོ་དང་། འབྲེང་ཟམ་འབྲེང་འཁོར། ཤེལ་སྒོའི་འཕྲང་ལམ། རོལ་རྩེད་སྒྲིག་ཆས་ཆེ་གྲས་སོགས་གཙོ་གནད་སྒྲིག་བཀོད་མངོན་གསལ་དོད་པོར་བཞག་ནས་ས་གནས་ཁག་གིས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་སྒྲིག་འཛུགས་ལ་ལྟ་སྐུལ་བྱས་ནས་ས་གནས་ས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་འཛོལ་སྣ་ཚོགས་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། སློབ་མ་དང་རྒན་རྒོན་སོགས་ཀྱི་ཚོགས་སྤྱི་མངོན་གསལ་དོད་པོར་བཞག་ནས་གཙང་གླས་ཡུལ་སྐོར་རླངས་འཁོར་དང་། ཐག་རིང་འགྲུལ་སྐྱེལ་རླངས་འཁོར། འགྲུལ་སྐྱེལ་གྲུ་གཟིངས་དང་ཡུལ་སྐོར་གྲུ་གཟིངས་སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“ཚད་ལས་བརྒལ་བ་གསུམ་དང་ངལ་དུབ་གཅིག”དང་ཉེན་མཆོང་མཁའ་སྐྱོད་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ་བཅས་ཡིན་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)