01

ཟླ་བ་དང་པོ་ནས་བཞི་པ་བར་ཡང་བའི་བཟོ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་20.8%འཕར་བ། 2024年06月07日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བཞི་པ་བར་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་7ཙམ་ཟིན་པ་དེ་དུས་མཚུངས་ལས་2.6%འཕར་ནས་ཁེ་སྤོགས་སྒོར་དུང་ཕྱུར་4112བྱུང་བ་དེ་དུས་མཚུངས་ལས་20.8%འཕར་ཡོད། ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་འཕེལ་ཚུལ་མུ་མཐུད་ལེགས་སུ་ཕྱིན་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་བར་འདེགས་སྐྱོར་གལ་ཆེན་བྱས་ཡོད།

ཐོན་སྐྱེད་འཕེལ་ཚུལ་ལེགས་སུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཞི་པ་བར་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.9%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པའི་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་གཙོ་བོ་91ནང་ཐོན་རྫས་71ཀྱི་ཐོན་ཚད་འཕར་ནས་འཕར་ཚད་78%ཟིན་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཁེ་སྤོགས་རྒྱུན་མཐུད་འཕར་ཞིང་། འདི་ལོ་ཚུན་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་བརྟན་པོའི་ངང་བསྐྱར་འཕར་བྱུང་བ་དང་ཁེ་སྤོགས་ཚད་གཞི་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བཞི་པ་བར་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འབབ་ཚད་5.9%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9འཕར་ཡོད། ཡང་བའི་བཟོ་ལས་ཀྱི་ཁེ་སྤོགས་འཕར་ཚད་དང་ཁེ་སྤོགས་འབབ་ཚད་ཚང་མ་དུས་མཚུངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད།

ཁྲོམ་ར་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། རྒྱལ་ནང་གི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཁྲོམ་རའི་གསོན་ཤུགས་རིམ་བཞིན་འཕར་ནས་ཡང་བའི་བཟོ་ལས་ཀྱི་འཛད་རྫས་ཁྲོམ་ར་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བཞི་པ་བར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་24494ཟིན་པ་དེས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་15.7%ཟིན་པ་དེ་དུས་མཚུངས་ལས་5.0%འཕར་ནས་འཕར་ཚད་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ་ཡོད།

ཕྱིར་གཏོང་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཟླ་བ་དང་པོ་ནས་བཞི་པ་བར་ཡང་བའི་བཟོ་ལས་ཀྱི་ལས་རིགས་ཧྲིལ་པོའི་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་2929ཟིན་པ་དེས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་བསྡོམས་འབོར་གྱི་26.6%ཟིན་ནས་དུས་མཚུངས་ལས་3.5%འཕར་ཡོད་པ་རེད།

(བསྟན་བཟང་གིས་བསྒྱུར། དམ་ཆོས་ཀྱིས་ཞུས)