འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མ་ཏེ་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “དར་གོས་ལམ་བུའི་བསྡུས་རིས”ཞེས་པའི་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རོལ་ཆའི་གླེང་མོལ་རོལ་དབྱངས་འདུ་ཚོགས་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་ཞིང་། ཀྲུང་གོ་ཟློས་གར་ཁང་གི་མི་རིགས་རོལ་དབྱངས་ཚོགས་པས་ལྟད་མོ་བར་ཀྲུང་གོའི་སྲོལ་རྒྱུན་རོལ་ཆ་དང་ནུབ་ཕྱོགས་ཀྱི་རོལ་ཆ་མཉམ་དཀྲོལ་གྱི་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།
ད་ཐེངས་ཀྱི་རོལ་དབྱངས་འདུ་ཚོགས་དེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ལྟེ་གནས་དང་། ཀྲུང་གོ་ཟློས་གར་ཁང་། སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། མ་ཏེ་རི་ཀྲུང་གོའི་རིག་གནས་ལྟེ་གནས་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རོལ་དབྱངས་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་གོའི་མི་རིགས་རོལ་དབྱངས་ཀྱི་གཏམ་རྒྱུད་བརྗོད་དེ་ཀྲུང་གོའི་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་དེ་རེད།