03

མི་དམངས་ཤོག་སྒོར་གྱིས་རྒྱལ་སྒྲོལ་མཇུག་རྩིས་བརྒྱབ་པའི་རྒྱལ་ཐོན་གནམ་གྲུ་ARJ21ཧིན་རྡུ་ཉི་ཞི་ཡར་འབྱོར་བ། 2024年06月05日

འདི་ནི་ཟླ་5ཚེས་31ཉིན་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་ཧིན་རྡུ་ཉི་ཞི་ཡའི་ལིང་ཡཱ་མཁའ་འགྲུལ་ཀུང་སིར་རྩིས་སྤྲད་པའི་ARJ21གནམ་གྲུ་གསུམ་པར་འཕུར་སྐྱོད་མ་བྱས་གོང་གི་གྲ་སྒྲིག་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་གནམ་གྲུ་བོགས་གཏོང་ཚོགས་པས་ཧིན་རྡུ་ཉི་ཞི་ཡའི་ལིང་ཡཱ་མཁའ་འགྲུལ་ཀུང་སིར་རྩིས་སྤྲད་པའི་རྒྱལ་ཐོན་རླུང་འབུད་རྣམ་པའི་ARJ21གནམ་གྲུ་གསུམ་པ་ཟླ་5ཚེས་31ཉིན་གྱི་ས་སྲོས་སུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་འབྱོར་ཞིང་། འདི་ནི་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པ་དང་མི་དམངས་ཤོག་སྒོར་སྤྲད་ནས་རྒྱལ་སྒྲོལ་མཇུག་རྩིས་བརྒྱབ་པའི་གནམ་གྲུ་ཐོག་མ་དེ་རེད།

ཀྲུང་གོའི་གནམ་གྲུ་བོགས་གཏོང་ཚོགས་པའི་ཙུང་ཚའེ་ལིའུ་ཝན་ཐིང་གིས། ཀྲུང་གོའི་གནམ་གྲུ་བོགས་གཏོང་ཚོགས་པས་རྒྱལ་ཐོན་དམངས་སྤྱོད་གནམ་གྲུ་ཕྱི་ཕྱོགས་སུ་བསྐྱོད་པར་ཞབས་འདེགས་ཞུ་རྒྱུར་གཞོལ་བ་མ་ཟད། མི་དམངས་ཤོག་སྒོར་གྱི་རྒྱལ་སྒྲོལ་ལས་སྒོ་གནམ་གྲུ་བོགས་གཏོང་ལས་རིགས་སུ་སྤྱོད་རྒྱུར་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་ཀྲུང་གོའི་མཁའ་འགྲུལ་བཟོ་སྐྲུན་ལས་རིགས་དང་དངུལ་རྩའི་ཞབས་ཞུའི་ལས་རིགས་རྒྱལ་སྤྱིའི་ཁྲོམ་རར་སྔར་བས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

ལིང་ཡཱ་མཁའ་འགྲུལ་གྱི་ཀྲུའུ་ཞི་གཞོན་པ་ལི་ཡའོ་མིང་གིས། གནམ་གྲུ་ARJ21གསུམ་པ་དང་རིགས་གཅིག་པའི་གནམ་གྲུ་གཞན་གཉིས་མཉམ་དུ་ཧིན་རྡུ་ཉི་ཞི་ཡའི་ཤར་རྒྱུད་ཀྱི་མཁའ་ལམ་དྲ་རྒྱར་ཞུགས་ནས་མཁའ་འགྲུལ་ཀུང་སིའི་འཕུར་སྐྱོད་དྲ་རྒྱ་དང་ཞབས་ཞུ་ལེགས་སུ་གཏོང་རྒྱུ་མ་ཟད། གནམ་གྲུར་ཕྱོགས་སྟོན་ལག་རྩལ་གསར་ཤོས་སྤྱད་པས་འཕུར་སྐྱོད་བདེ་འཇགས་ལ་སྔར་བས་འགན་ལེན་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།