འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ལིང་ལིང་། ལི་ཁྲེན།
ཉིན་ཤས་གོང་། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་གཉེར་བྱས་པའི“ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་བརྗོད་དོན་གཙོ་བོའི་སྤེལ་རེས་ཚོགས་འདུ”འཚོགས་ཤིང་། ཨར་ཅི་རི་ཡ་དང་། ཁོང་ཀོ(པུའུ) ལོ་སི། སི་རི་ལན་ཁ་བཅས་ནས་ཡོང་བའི་གྲོས་མི་དང་། སྲིད་གཞུང་གི་དཔོན་རིགས། སྲིད་ཏང་གི་ཁོངས་མི། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཕྱི་ཕྱོགས་ཀྱི་འཐུས་མི་120ཙམ་དང་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་50ཙམ་སྤེལ་རེས་ཚོགས་འདུར་ཞུགས་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་ཕྱོགས་གཉིས་ཀྱིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་། ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པ། རིག་གནས་རྒྱུན་འཛིན། དཔལ་འབྱོར་འཕེལ་རྒྱས་ཐད་རིག་གནས་ཀྱིས་ལེགས་སྐྱེས་འབུལ་བ། གཞོན་ནུ་ལོ་ཆུང་གིས་རིག་གནས་ཤེས་རྟོགས་དང་རྒྱུན་འཛིན། རིག་གནས་ལས་བརྒལ་བའི་མཉམ་ལས་སོགས་ཀྱི་བརྗོད་གཞིའི་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཕྱི་ཕྱོགས་ཀྱི་འཐུས་མི་ཚོས། ད་རེས་ཀྱི་སྤེལ་རེས་ཚོགས་འདུ་བརྒྱུད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཡོད་པ་མ་ཟད་རང་རྒྱལ་ཁབ་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་ཡང་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད། ལོ་སི་མི་དམངས་གསར་བརྗེ་ཏང་གི་ཀན་མོང་ཞིང་ཨུད་ཀྱི་ཨུ་ཡོན་དང་ཀན་མོང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་སུང་ས་ཨན·ཝུན་ཞི་ཏ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དེང་གི་དུས་འདིར། རྒྱལ་ཁབ་ཚང་མས་འདྲ་མཉམ་གྱི་འདུ་ཤེས་འཛིན་ཏེ་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས་བྱེད་དགོས། རྒྱལ་ཁབ་དང་མི་རིགས་ཚང་མའི་རིག་གནས་ནི་ཐུན་མོང་མིན་ལ་རང་རྐྱ་འཕེར་བ་ཞིག་ཡིན་པས། དེ་དག་གིས་མཉམ་དུ་འཛམ་གླིང་རིག་གནས་ཀྱི་སྣ་མང་རང་བཞིན་གྲུབ་ཡོད། རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གོ་ལ་ཧྲིལ་པོའི་རིག་གནས་དར་རྒྱས་ལ་སྐུལ་མ་ཐེབས་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ཅེས་བརྗོད།
ཁོང་ཀོ(པུའུ)རྒྱལ་སྤྱིའི་མཉམ་ལས་དང་གཞུང་སྒེར་རོགས་ཟླའི་འབྲེལ་བ་སྐུལ་འདེད་པུའི་ལས་འཛིན་རའོ་ལེ་སི·དབྱི་ཐུའུ་ཨ·ཝན་ཁེ·ཨའོ་ལིན་ཀུའུ་ཡིས། “ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་ཤེས་དཔལ་མི་འདྲ་བའི་དབར་བསམ་ཤེས་དང་སྤེལ་རེས་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ས་ཁུལ་བརྟན་ལྷིང་དང་འཕེལ་རྒྱས་འགྲོ་རྒྱུར་ཡང་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད”ཅེས་བརྗོད།
སི་རི་ལན་ཁའི་གཅིག་གྱུར་རྒྱལ་དམངས་ཏང་གི་ཤེས་བྱའི་གླེང་སྟེགས་ཀྱི་ཀྲུའུ་ཞི་ཁྲ་མིང་ཏ·ཏེ་ཧྲ་ཕུའུ་ལི་ཡ·མ་ལ་སའེ་ཁ་ལཱ་ཡིས། “ངས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱེད་པའི་གོ་སྐབས་འཐོབ་པའི་རེ་བ་བྱེད་ཀྱི་ཡོད་ལ། སི་རི་ལན་ཁ་དང་ཀྲུང་གོས་སྲིད་ཏང་དང་། སྲིད་གཞུང་། དམངས་ཁྲོད་བཅས་ཀྱི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་དང་ས་ཁུལ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་མ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)