02

ན་ནིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་ཁྲི་2ཙམ་ལ་ཁྲིམས་འཛིན་རོགས་སྐྱོབ་བྱས་པ། 2024年06月05日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ(2023)》ཡོངས་བསྒྲགས་བྱས་པ་རེད། 2023ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བའི་ཉེས་པ་གསོག་མཁན་53286འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་མི་67103གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་གྱོད་སྒྲུབ་ལ་གཞི་ཚུགས་ནས་ན་སོ་དར་ལ་མ་བབས་པའི་མི་ཁྲི་2ཙམ་ལ་ཁྲིམས་འཛིན་རོགས་སྐྱོབ་བྱས་པ་དང་། རོགས་སྐྱོབ་དངུལ་སྒོར་དུང་ཕྱུར་1.9སྤྲད་པ། མི་ཐེངས་1300ལྷག་ཙམ་ལ་འཚོ་བ་བཀོད་སྒྲིག་བྱེད་རོགས་བྱས་པ། མི་ཐེངས་1100ལྷག་ཙམ་སློབ་གྲྭར་བསྐྱར་ལོག་བྱེད་རོགས་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་སྟོབས་ཤུགས་དང་མཉམ་དུ་སེམས་ཁམས་ཐེ་ཇུས་དང་གཟུགས་གཞི་དྲག་སྐྱེད་སོགས་ཀྱི་ལས་དོན་ཡང་འོས་ཤིང་འཚམ་པོར་བསྒྲུབས་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར། ཞིབ་དཔྱོད་ལས་ཁུངས་ཀྱིས་གུ་ཡངས་དང་ནན་པོ་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་བྱས་པ་དང“གུ་ཡངས་བཏང་རུང་རྒྱ་ཡན་དུ་མི་གཏོང་རྒྱུ”མཐའ་འཁྱོངས་བྱས་ཤིང་། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ངོ་བོ་དང་། རང་ཤེད་ངན་ཚབས་ཆེ་བ། གནོད་འཚེ་བཏང་བའི་མཇུག་འབྲས་མི་འདྲ་བ་བཅས་ལ་གཞིགས་ནས་དེ་མཚུངས་ཀྱི་ཆད་གཅོད་བསླབ་འདོམས་སློབ་གསོའི་བྱ་ཐབས་སྤྱད་ཡོད། ཉེས་པ་བསགས་ཚབས་ཆེ་བ་དང་རང་བཞིན་ངན་ཚབས་ཅུང་ཆེ་བའི་ན་སོ་དར་ལ་མ་བབས་པའི་མི་ཁྲིམས་ལྟར་ཞུ་སྦྱོར་བྱས་ནས་ཆད་པ་བཅད་པ་ལས་རྒྱ་ཡན་དུ་གཏན་ནས་བཏང་མེད། དུས་མཚུངས་སུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་དང་ནོར་འཁྲུལ་བྱ་སྤྱོད་ཀྱི་རིམ་པ་དབྱེ་ནས་ཐེ་ཇུས་བྱེད་པའི་ལམ་སྲོལ་འཚོལ་ཞིབ་ཀྱང་ཧུར་ཐག་བྱས་པ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཞུས)