འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་སླར་གསོ་ཤུགས་ཆེན་བྱུང་ཞིང་། ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.4ཟིན་ནས་དུས་མཚུངས་ལས་5.7%འཕར་ཡོད།
རྒྱ་མཚོའི་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད། མཚོ་ཆུ་ཚྭ་མེད་བསྒྱུར་བའི་ལས་གྲྭར་བརྟན་པོའི་ངང་སྤེལ་ནས། ཧྲན་ཏུང་ཝུའུ་ཏིར་ཉིན་རེར་ཏུན་ཁྲི་5དང་ཀྲེ་ཅང་གི་ལེའུ་ཧོང་དུ་ཉིན་རེར་ཏུན་500ཡི་མཚོ་ཆུ་ཚྭ་མེད་བསྒྱུར་བའི་རྣམ་གྲངས་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། རྒྱ་མཚོའི་གློག་ཤུགས་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་དང་། དུས་ཚིགས་དང་པོར་སྐྲུན་འགོ་ཚུགས་པའི་མཚོ་ཐོག་རླུང་གློག་གི་གཞི་ཁྱོན་ཆན་ཝ་ཁྲི་1300ཙམ་ཟིན་ནས་གློག་གཏོང་ཚད་དུས་མཚུངས་ལས་34.0%འཕར་ཡོད། རྒྱ་མཚོའི་སྨན་རྫས་ཞིབ་འཇུག་གསར་སྤེལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། “མཚོ་ཐོག་སྨན་རྫས་མཛོད”ཀྱི་གསར་སྤེལ་འཆར་གཞིའི་རྣམ་གྲངས་ཀྱི་མཆིན་ཚད་ཁ་པའི་ནད་དུག་འགོག་པའི་སྨན་གསར་པ་LY102ནད་ཐོག་སྤྱོད་འགོ་ཚུགས་ཡོད།
རྒྱ་མཚོའི་སྲོལ་རྒྱུན་ཐོན་ལས་བརྟན་ལྷིང་ངང་འཕེལ་རྒྱས་ཕྱིན་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཚད་དུས་མཚུངས་ལས་5.5%དང་10.0%སོ་སོར་འཕར་ཅིང་། རྒྱལ་ནང་གི་མཚོ་ཆུའི་གསོ་སྤེལ་ཐོན་ཚད་དུས་མཚུངས་ལས་འཕར་ཚད་5.0%ལས་བརྒལ་བ་དང་། གཏིང་ཟབ་པའི་མཚོ་ཆུའི་རིག་ནུས་གསོ་སྤེལ་དྲ་སྒམ་ཆེ་གྲས“གཏིང་སྔོན་ཨང་2པ”བདེ་བླག་ངང་གྲུ་ཁ་ནས་ཐོན་ཡོད། གོ་ལ་ཧྲིལ་པོའི་གྲུ་བཟོའི་ཁྲོམ་ར་གསར་པར་འཁྲུག་ཆ་དོད་པའི་རྣམ་པ་རྒྱུན་མཐུད་བྱུང་ནས་རང་རྒྱལ་གྱིས་མཚོ་ཐོག་གྲུ་གཟིངས་གསར་པའི་མངགས་ཐོ་དང་ལེན་བྱེད་ཚད་དུས་མཚུངས་ལས་20%ལྷག་ཙམ་འཕར་བ་རེད། རྒྱ་མཚོའི་དངོས་ཟོག་འཁོར་རྒྱུག་བྱེད་ཚད་དང་རྒྱ་མཚོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་8.9%དང་7.7%ཁག་སོ་སོར་འཕར་ཡོད། རྒྱ་མཚོའི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་སླར་གསོ་བྱུང་ནས་རྒྱ་མཚོའི་འགྲུལ་སྐྱེལ་བྱེད་ཚད་2019ལོའི་དུས་མཚུངས་ཆུ་ཚད་ཀྱི་109%ཟིན་ཡོད་པ་རེད།