02

གྲོང་ཚོ་2000ལྷག་ཙམ་གྱི་ཡུལ་མིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པར་དེ་བས་སྟབས་བདེ་རུ་ཕྱིན་པ། —— ཤིན་ཅང་ཁ་ཧྲི་རུ་སྦྲག་ཐོག་བསྐུར་མ་རིན་མི་དགོས་པར་གྲོང་ཚོར་འབྱོར་བ། 2024年06月05日

འདི་ནི་སི་དབྱི་ཐི་ཉི་ཧྲ(གཡས)ཡིས་མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་ནས་བསྐུར་མ་ལེན་བཞིན་པ། (ཤིན་ཅང་ཁ་ཧྲི་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱིས་པར་མཁོ་འདོན་བྱས)

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཧུང་། ཝུང་ཡུས་ཧྥེ། ཨར་ཏ་ཁེ།

ཞིང་ལས་ཀྱི་བར་གསེང་དུ་སི་དབྱི་ཐི་ཉི་ཧྲ·མའེ་མའེ་ཐིས་ལག་ཐོགས་ཁ་པར་བརྒྱུད་དྲ་ཐོག་གི་མངགས་ཉོའི་ཟོག་འགྲེམས་ཆ་འཕྲིན་ལ་ལྟ་བཞིན་དུ“ངའི་དག་རྫས་འབྱོར་འདུག དེ་ལེན་པར་འགྲོ་གི་ཡིན”ཞེས་བཤད་པ་དང་། མགྱོགས་མྱུར་གྲོང་ཚོའི་མདའ་རུ་ཡོད་པའི་མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་ཕྱོགས་སུ་བསྐྱོད།

ཞབས་ཞུའི་ས་ཚིགས་ཀྱི་ཟོག་སྒྲོམ་ཐོག་ཧོ་པེ་དང་། ཧྲན་ཤིས། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་ལ་སོགས་པའི་ས་གནས་ཁག་ནས་བསྐུར་ཡོང་བའི་མྱུར་སྐྱེལ་བསྐུར་མ་གྲལ་འགྲིག་པོའི་ངང་བཞག་འདུག སི་དབྱི་ཐི་ཉི་ཧྲ་ཡིས་ལག་ཐོགས་ཁ་པར་ནང་གི་དངོས་པོ་ལེན་ཨང་ལ་བལྟས་རྗེས་རྒྱུས་མངའ་ཆེན་པོས་ཟོག་སྒྲོམ་འགྲམ་དུ་བསྐྱོད་དེ་སྐར་མ་གཅིག་ཀྱང་མ་འགོར་བར་རང་ཉིད་ཀྱི་མྱུར་སྐྱེལ་བསྐུར་མ་བླངས་པ་རེད།

སི་དབྱི་ཐི་ཉི་ཧྲ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲི་ས་ཁུལ་ཧྲ་ཁྲེ་རྫོང་དབྱི་ཧྲི་ཁུའུ་ལི་ཤང་ཁེ་ཧྲི་ལ་ཁེ་གྲོང་ཚོའི་ཡུལ་མི་ཞིག་རེད། ན་ནིང་དྲ་ཐོག་ནས་ཉོ་སྒྲུབ་གྲོང་ཚོར་དར་འགོ་ཚུགས་པ་དང་། གྲོང་ཚོ་ནས་མྱུར་སྐྱེལ་བསྐུར་མ་ལེན་ཐེངས་རེར་ཚང་མར་དགའ་ཚོར་ཆེན་པོ་སྐྱེ་གི་ཡོད།

དེ་སྔ་སི་དབྱི་ཐི་ཉི་ཧྲ་དང་ཡུལ་མི་ཚོ་དངོས་ཟོག་ཉོ་དགོས་ཚེ་པཱ་ཀྲ་རུ་འགྲོ་རྒྱུ་ལས་ཐབས་གཞན་མེད། དེས་མ་ཟད། པཱ་ཀྲ་རུ་ཡོད་པའི་ཚོང་ཟོག་རེ་གཉིས་ཀྱིས་ཚང་མའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་མེད།

རྗེས་སུ་མྱུར་སྐྱེལ་བསྐུར་མ་རྫོང་གྲོང་དུ་སྐྱེལ་ཐུབ་ཀྱི་ཡོད་སྟབས། དྲ་ཐོག་ནས་ཉོ་སྒྲུབ་བྱེད་སྐབས་གྲོང་མི་ཁ་ཤས་ཀྱིས་རྫོང་གྲོང་དུ་ཡོད་པའི་གཉེན་ཉེའི་ཁྱིམ་དུ་བསྐུར་བ་དང་རྫོང་གྲོང་དུ་དོན་དག་སྒྲུབ་པར་འགྲོ་སྐབས་ཞོར་དུ་ལེན་པར་འགྲོ་གི་ཡོད།

“བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་གྲོང་ཚོ་འདི་འདྲའི་ཐག་རིང་སར་ཡང་། ད་ལྟ་མྱུར་སྐྱེལ་བསྐུར་མ་འབྱོར་གྱི་ཡོད་པ་མ་ཟད། ད་དུང་བསྐུར་གླ་ཡང་སྤྲོད་དགོས་ཀྱི་མེད”ཅེས་སི་དབྱི་ཐི་ཉི་ཧྲ་ཡིས་དགའ་ཚོར་ཆེན་པོས་བཤད།

སི་དབྱི་ཐི་ཉི་ཧྲས་བཤད་པའི“ཐག་རིང”ཟེར་བ་དོན་ངོ་མར་ཇི་འདྲའི་ཐག་རིང་པོ་ཞིག་ཡིན་ནམ། ཁོང་གི་མྱུར་སྐྱེལ་བསྐུར་མ་ཞིག་ནི་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་ནས་བསྐུར་བ་དང་། དབྱི་ཝུའུ་ནས་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་བར་སྤྱི་ལེ་4000ཙམ་ཡོད་པ་དང་། ཝུའུ་ལུའུ་མུའུ་ཆི་ནས་ཁོང་སྡོད་སའི་ཁེ་ཧྲི་ལ་ཁེ་གྲོང་ཚོ་བར་ད་དུང་སྤྱི་ལེ་1500ཙམ་ཡོད་པ་རེད།

ཚོང་ཟོག་གཅིག་སྤྱི་ལེ་5500ཙམ་གྱི་བར་ཐག་བརྒལ་དགོས་པ་མ་ཟད། ད་དུང་བསྐུར་གླ་མི་ལེན་པ་དེ་ཇི་ལྟར་མངོན་འགྱུར་ཐུབ་པ་ཡིན་ནམ།

“འགག་རྩ་ནི་སྐྱེལ་འདྲེན་མ་གནས་དམའ་རུ་གཏོང་རྒྱུ་དེ་རེད”ཤིན་ཅང་སྦྲག་སྲིད་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ན་ནིང་ནས་བཟུང་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་དྲ་ཐོག་ཚོང་དོན་ལས་སྟེགས་དང་མཉམ་ལས་བྱས་ཏེ་གཅིག་སྡུད་སྐྱེལ་འདྲེན་བྱེད་སྟངས་སྤྱད་ནས་སྐྱེལ་འདྲེན་དང་དབྱེ་གསེད་སོགས་ལྷུ་ཚིགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པས། མྱུར་སྐྱེལ་གྱི་ལས་ཕྱོད་ཆེས་ཆེར་ཕྱིན་པ་དང་གཉེར་སྐྱོང་གི་མ་གནས་དམའ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

དེ་སྔ་ཚོང་པས་ཚོང་ཟོག་ཤིན་ཅང་ལ་བསྐུར་བར་མ་གནས་མཐོ་ཙམ་ཡོད། ད་ཆ་ཤིན་ཅང་གི་འཛད་སྤྱོད་པས་དྲ་ཐོག་ཚོང་དོན་ལས་སྟེགས་ཐོག་མངགས་ཉོ་བྱས་པའི་ཚོང་ཟོག་དང་ཐོག་ཀྲེ་ཅང་ཧང་ཀྲོའུ་དང་ཧྲའན་ཤིས་ཤིས་ཨན་སོགས་ཀྱི་བར་འགྲིམ་གཅིག་སྡུད་སྐྱེལ་འདྲེན་མཛོད་ཁང་དུ་དབོར་བ་དང་། འདོན་འཇུག་དང་དབྱེ་གསེད་སོགས་ཀྱི་བརྒྱུད་རིམ་བརྒྱུད་ཐུམ་སྒྲིལ་ཐོག་བསྐུར་ཡུལ་གསར་པ་སྦྱར་རྗེས་གཅིག་སྡུད་ཐོག་ཤིན་ཅང་གི་དམིགས་ས་ཁག་ཏུ་བསྐུར་གྱི་ཡོད།

གལ་ཏེ་གྲོང་ཚོ་ཞིག་གི་མྱུར་སྐྱེལ་འབོར་ཚད་ཧ་ཅང་མང་པོ་ཡོད་ཚེ“གྲོང་ཚོའི་འགན་གཙང”ཆགས་ནས་གཅིག་སྡུད་སྐྱེལ་འདྲེན་མཛོད་ཁང་ནས་ཐད་ཀར་གྲོང་ཚོར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས། ཝུའུ་ལུའུ་མུའུ་ཆི་རུ་བསྐྱར་དུ་དབྱེ་གསེད་དང་ཐུམ་སྒྲིལ་བྱེད་པའི་ལྷུ་ཚིགས་མེད་པར་གྱུར་ནས་དུས་ཚོད་གྲོན་ཆུང་དང་མ་གནས་ཆུང་དུ་འགྲོ་གི་ཡོད།

“གཞུང་ལམ་སྐྱེལ་འདྲེན་ནས་ལྕགས་ལམ་སྐྱེལ་འདྲེན་ལ་སྒྱུར་བའི”དོས་སྒམ་དུས་གཏན་མེ་འཁོར་གྱིས་ཀྱང་ཟོག་འགྲེམས་མ་གནས་དམའ་རུ་ཆེས་ཆེར་བཏང་ཡོད། ད་ལོའི་ཟླ་3ཚེས་26ཉིན་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་དྲ་ཐོག་ཚོང་དོན་གྱི“གཞུང་ལམ་སྐྱེལ་འདྲེན་ནས་ལྕགས་ལམ་སྐྱེལ་འདྲེན་ལ་སྒྱུར་བའི”དོས་སྒམ་དུས་གཏན་མེ་འཁོར་ཐོག་མ་ཤིས་ཨན་ནས་ཐོན་པ་དང་ཆུ་ཚོད་38སོང་རྗེས་ཝུའུ་ལུའུ་མུའུ་ཆི་རུ་འབྱོར་བ་རེད།

ཀྲུང་གོ་ལྕགས་ལམ་མཉམ་འབྲེལ་རྒྱལ་སྤྱིའི་དོས་སྒམ་ཚད་ཡོད་ཀུང་སི་ཝུའུ་ལུའུ་མུའུ་ཆི་ཡན་ལག་ཀུང་སིའི་ལྟེ་བའི་ས་ཚིགས་གཉེར་སྐྱོང་པུའི་པུའུ་ཀྲང་གཡོད་ཝུའེ་ཡིས། གཞུང་ལམ་སྐྱེལ་འདྲེན་དང་བསྡུར་ན་དུས་གཏན་མེ་འཁོར་ཆུ་ཚོད་5ཙམ་གྱིས་མགྱོགས་སུ་ཕྱིན་ཏེ། སྐྱེལ་འདྲེན་གྱི་ལས་ཕྱོད་12%མཐོ་རུ་ཕྱིན་པ་དང་སྐྱེལ་འདྲེན་གྱི་འགྲོ་གྲོན་57%ཙམ་དམའ་རུ་ཕྱིན་ཡོད། མྱུར་སྐྱེལ་བསྐུར་མ་ཝུའུ་ལུའུ་མུའུ་ཆི་རུ་འབྱོར་རྗེས་སླར་ཡང་མཇུག་སྣེའི་སྐྱེལ་འདྲེན་ས་ཚིགས་ཀྱིས་མྱུར་སྐྱེལ་བསྐུར་མ་གྲོང་ཚོར་སྐྱེལ་གྱི་ཡོད་ཅེས་ངོ་སྤྲོད་བྱས།

ཧྲ་ཁྲེ་རྫོང་ཅི་ཐུ་མྱུར་སྐྱེལ་བརྒྱུད་འདྲེན་ལྟེ་གནས་སུ་གྲོང་ཚོའི་མིང་སྦྱར་བའི་མྱུར་སྐྱེལ་སླེ་པོ་རེ་རེ་གོ་རིམ་ལྡན་པའི་ངང་ཐང་དུ་བཞག་འདུག “མྱུར་སྐྱེལ་བསྐུར་མ་འདིར་འབྱོར་རྗེས་ང་ཚོས་ཐད་ཀར་གྲོང་ཚོ་གཞིར་བཟུང་དེ་མཚུངས་ཀྱི་སླེ་པོའི་ནང་བླུགས་ནས་ཐུམ་སྒྲིལ་བརྒྱབ་སྟེ་སྐྱེལ་གྱི་ཡོད། གྲོང་ཚོར་འབྱོར་བའི་དུས་ཡུན་རྫོང་གྲོང་ལས་མགྱོགས་ཀྱང་སྲིད”ཅེས་ཧྲ་ཁྲེ་རྫོང་ཅི་ཐུ་མྱུར་སྐྱེལ་གྱི་འགན་འཁུར་བ་ཀྲང་ཧའེ་ཐའོ་ཡིས་བཤད།

ཁ་ཧྲི་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཝང་ཞའོ་ཧུའུ་ཡིས། ན་ནིང་ནས་བཟུང་ཁ་ཧྲི་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་མའི་ཞབས་ཞུ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་ཚོ་2000ལྷག་ཙམ་ལ་མྱུར་སྐྱེལ་བསྐུར་མ་རིན་མི་དགོས་པར་སྐྱེལ་གྱི་ཡོད།

“ཤིན་ཅང་གིས་མཇུག་སྣེའི་འགྲེམ་སྐྱེལ་གྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་དང་། ཟོག་འགྲེམས་འགྲེམ་སྐྱེལ་ལྟེ་གནས། གྲོང་གསེབ་རིམ་པའི་ས་ཚིགས་བཅས་བཙུགས་པ་དང་། དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་800ལྷག་ཙམ་ལ་སྦྲག་སྲིད་མྱུར་སྐྱེལ་ནུས་པ་བསྣན་ཡོད། དེས་ཤིན་ཅང་གི་གྲོང་གསེབ་ས་ཁུལ་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཡུལ་གཞན་དུ་ཕྱིར་གཏོང་ཐུབ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད”ཅེས་ཤིན་ཅང་སྦྲག་སྲིད་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད། (ལྷག་ཚེས་བསྒྱུར། མཚམས་གཅོད་ཀྱིས་ཞུས)