ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ཡིས་ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་སྲིད་གཞུང་གིས་རྒྱལ་ས་ཕ་ནོམ་ཕེན་གྱི་གཞུང་ལམ་ཞིག་ལ“ཞི་ཅིན་ཕིང་ལམ་ཆེན”ཞེས་མིང་བཏགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
དེ་ཉིན་འཚོགས་པའི་གཞུང་ལམ་གྱི་མིང་འདོགས་མཛད་སྒོའི་ཐོག་ཧུང་མ་ནའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགོ་ཁྲིད་པའི་ཐུགས་ཁུར་དང་སྐུལ་འདེད་འོག ཁམ་ཀྲུང་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་ཆེད། ཁམ་ཕུ་ཁྲེ་སྲིད་གཞུང་གིས་ཕ་ནོམ་ཕེན་གྱི་གྲོང་སྐོར་ལམ་གསུམ་པའི་གཞུང་ལམ་དུམ་བུ་དང་པོ་ནས་བཞི་པའི་བར་ལ“ཞི་ཅིན་ཕིང་ལམ་ཆེན”ཞེས་མིང་བཏགས་ནས་ཕ་ནོམ་ཕེན་གྱི་ད་ཡོད་ཀྱི“མའོ་ཙེ་ཏུང་ལམ་ཆེན”དང་ཕན་ཚུན་གཅིག་ལ་གཅིག་འབྲེལ་དུ་བསྒྱུར་ཏེ་ཁམ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་རྒྱུན་འཛིན་བྱས་པ་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།
“ཞི་ཅིན་ཕིང་ལམ་ཆེན”ནི་ཕ་ནོམ་ཕེན་གྱི་གྲོང་སྐོར་ལམ་གསུམ་པའི་ལྷོ་མཚམས་སུ་གནས་པ་དང་རིང་ཚད་སྤྱི་ལེ་48ཙམ་ཟིན་གྱི་ཡོད།