03

ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་རིང་དམངས་ཡོངས་བདེ་ཐང་ཡོང་བའི་བརྗོད་དོན་གཙོ་བོའི་ཞོར་ཚོགས་མཉམ་འབྲེལ་ཐོག་འཚོགས་པ། 2024年06月04日

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སུའེ་ཙེར་གྱི་རི་ནེ་ཝ་རུ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་བདུན་པ་འགོ་ཚུགས་ཤིང་། ཀྲུང་གོ་དང་། ལྷོ་ཨ་ཧྥེ་རི་ཁ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་དེ་ཉིན་རི་ནེ་ཝ་རུ“མི་རྩ་བར་འཛིན་པའི་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་དམངས་ཡོངས་བདེ་ཐང་ཡོང་བའི”བརྗོད་དོན་གཙོ་བོའི་ཞོར་ཚོགས་མཉམ་འབྲེལ་ཐོག་འཚོགས་པ་རེད།

ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་ཀྲུང་གོའི་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་བྱས་པ་དང་། ཐེ་ལན་དང་ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་རང་སོ་སོའི་ཉམས་མྱོང་མཉམ་སྤྱོད་བྱས་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྡུ་སྒྲིལ་རྣམ་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གོ་ལ་ཧྲིལ་པོར་ལག་ལེན་བསྟར་ཚུལ་ངོ་སྤྲོད་བྱས་པ་རེད།

ཀྲུང་གོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚའོ་ཞུའེ་ཐའོ་ཡིས་ཤིས་ཚིག་བསྒྲོན་སྐབས། དམངས་ཡོངས་བདེ་ཐང་ཡོང་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། དམངས་ཡོངས་ལ་བདེ་ཐང་ཡོང་བར་དམིགས་ནས་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་ལས་བྱས་ནས་འབྲེལ་ཡོད་སྨན་བཅོས་སྒྱུར་བཅོས་ཀྱི་ཚོད་ལྟའི་རྣམ་གྲངས་སྤེལ་བར་དགེ་མཚན་ལྡན་པའི་འཕེལ་རིམ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོས་དམངས་ཡོངས་བདེ་ཐང་མགྱོགས་པོ་ཡོང་བར་བྱེད་པ་དང་དེ་བཞིན་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁོངས་ཀྱི་ཀྲུའུ་རེན་ས་ཡཱ·ཕི་ཝུའུ་ཁཱ་ལ་ཡིས་ད་ལོའི་ཟླ་3པར་ཀྲུང་གོར་འཚམས་འདྲིར་ཡོང་བའི་རྣམ་པ་ཕྱིར་དྲན་བྱས་ནས། སྡེ་ཁུལ་གྱི་སྨན་བཅོས་སྒྱུར་བཅོས་དང་བསྡུ་སྒྲིལ་ཐད་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་སྡེ་ཁུལ་ལ་སྤུས་ལེགས་ཀྱི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅེས་བརྗོད། ཁོང་གིས་རྒྱལ་ཁབ་ཁག་གིས་དམངས་ཡོངས་སྨན་བཅོས་ཡོངས་ཁྱབ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་བློ་གྲོས་དང་། ཐོན་ཁུངས། ལག་རྩལ། ཉམས་མྱོང་བཅས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་སྨན་བཅོས་དྲང་གཞག་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

(ལྷག་ཚེས་བསྒྱུར། རིག་རྡོར་གྱིས་ཞུས)