ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《2024ལོ་ནས་2025ལོ་བར་གྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་ཇུས་གཞི》(གཤམ་ལ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས《བྱ་སྤྱོད་ཇུས་གཞིའི》འབྲེལ་ཡོད་གནས་ཚུལ་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
དྲི་བ། 《བྱ་སྤྱོད་ཇུས་གཞིའི》ནང་ལས་ཀའི་དམིགས་ཚད་གང་དག་བཏོན་པ་དང་གཙོ་གནད་ལས་འགན་གང་དག་བཀོད་སྒྲིག་བྱས་ཡོད་དམ།
ལན། ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། བརྒྱུད་རིམ་ལྡན་པའི་དབྱེ་ཞིབ། ཚད་ལེན་ཞིབ་རྩིས་གཏིང་ཟབ་བཅས་བྱས་པའི་རྨང་གཞིའི་ཐོག《བྱ་སྤྱོད་ཇུས་གཞིའི》ནང་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་ནུས་རྒྱུའི་ཟད་གྲོན་ཉུང་དུ་གཏོང་བ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཉུང་དུ་གཏོང་བ། གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་ཚན་རྩིས་རིན་ཐང་འཕར་མའི་ནུས་རྒྱུ་ཟད་གྲོན་ཉུང་དུ་གཏོང་བ། འགྱུར་བྱུང་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད། གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་སོགས་ཞིབ་ཕྲའི་དམིགས་ཚད་བཏོན་ཡོད།
《བྱ་སྤྱོད་ཇུས་གཞིའི》ནང་ནུས་རྒྱུ་དང་། བཟོ་ལས། འཛུགས་སྐྲུན། འགྲིམ་འགྲུལ། སྤྱི་པའི་སྒྲིག་གཞི། ནུས་སྤྱོད་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་དམིགས་ནས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་ཆེན་པོ་བཅུ་བཀོད་སྒྲིག་བྱས་ཡོད་པ་སྟེ།
གཅིག་ནི་འགྱུར་བྱུང་ནུས་རྒྱུ་འཛད་སྤྱོད་ཉུང་དུ་གཏོང་བའི་ཚབ་སྤེལ་བྱ་སྤྱོད་དང་།
གཉིས་ནི་འགྱུར་བྱུང་མིན་པའི་ནུས་རྒྱུ་འཛད་སྤྱོད་མཐོ་རུ་གཏོང་བའི་བྱ་སྤྱོད།
གསུམ་ནི་ངར་ལྕགས་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
བཞི་ནི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
ལྔ་ནི་མདོག་ལྡན་ལྕགས་རིགས་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
དྲུག་ནི་ཨར་ལས་རྒྱུ་ཆའི་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
བདུན་ནི་ཨར་སྐྲུན་གྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
བརྒྱད་ནི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
དགུ་ནི་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད།
བཅུ་ནི་ནུས་སྤྱོད་ཐོན་རྫས་དང་སྒྲིག་ཆས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་བཅས་རེད།
དྲི་བ། 《བྱ་སྤྱོད་ཇུས་གཞིའི》ལས་འགན་ཁག་དོན་འཁྱོལ་ནུས་ལྡན་བྱེད་པར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།
ལན། 《བྱ་སྤྱོད་ཇུས་གཞིའི》ནང་ཕྱོགས་དྲུག་གི་ལས་ཀའི་བྱེད་ཐབས་བཏོན་ནས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པར་འདེགས་སྐྱོར་བྱས་ཡོད་པ་སྟེ།
གཅིག་ནི་ལམ་ལུགས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ནུས་རྒྱུ་བསྲི་ཚགས་སྐོར་གྱི་བཅའ་ཁྲིམས་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ཀྱི་ནུས་རྒྱུ་བསྲི་ཚགས་ལ་ཞིབ་བཤེར་བྱེད་ཐབས། གཙོ་གནད་ནུས་སྤྱོད་ཚན་པའི་ནུས་རྒྱུ་བསྲི་ཚགས་ལ་དོ་དམ་བྱེད་ཐབས། ནུས་རྒྱུ་བསྲི་ཚགས་ལ་ལྟ་ཞིབ་བྱེད་ཐབས་སོགས་ཁྲིམས་སྲོལ་དང་ལམ་ལུགས་ལ་བཟོ་བཅོས་རྒྱག་པར་སྐུལ་འདེད་གཏོང་དགོས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་པ་བརྗེ་བ་དང་འཛད་རྫས་རྙིང་པས་གསར་པ་བརྗེ་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་བཙན་ཐབས་ཀྱིས་ནུས་རྒྱུ་བསྲི་ཚགས་ཀྱི་ཚད་གཞིར་བཟོ་བཅོས་མགྱོགས་པོ་བརྒྱབ་ནས་ཁྱབ་རྒྱ་ཆེ་རུ་གཏོང་དགོས།
གཉིས་ནི་རིན་གོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ནུས་རྒྱུའི་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ནུས་རྒྱུ་གསར་པའི་དྲ་ཞུགས་གློག་རིན་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ནུས་གསོག་རིན་གོང་ལམ་སྲོལ་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་གཏོང་དགོས། ནུས་རྒྱུའི་ཟད་གྲོན་དང་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ཆུ་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱས་ཏེ་ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་ཀྱི་སྐས་རིམ་གློག་རིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དྲོད་གཏོང་གི་ཚད་འཇལ་རིན་དངུལ་བསྡུ་བའི་སྒྱུར་བཅོས་ཟབ་ཏུ་བཏང་ནས་དྲོད་གཏོང་རིན་གོང་ཁག་གཉིས་གོ་རིམ་ལྡན་པའི་སྒོ་ནས་ཁྱབ་སྤེལ་གཏོང་དགོས།
གསུམ་ནི་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྲིད་གཞུང་གིས་མ་དངུལ་བཏང་ནས་སྐུལ་ཁྲིད་ཁྱབ་འགྱེད་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་སྒྱུར་བཀོད་དང་ནུས་སྤྱོད་སྒྲིག་ཆས་གསར་པ་བརྗེ་བར་རྒྱབ་སྐྱོར་བྱེད་དགོས། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་ལ་ཕན་པའི་ནོར་ཁྲལ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཚོགས་སུ་བཏང་ནས་ཆ་རྐྱེན་དང་མཐུན་པའི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དགོས།
བཞི་ནི་ཚན་རྩལ་གྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒྲོལ་དང་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་ལྗང་མདོག་དང་ཐཱན་ཉུང་གི་སྔོན་ཐོན་ལག་རྩལ་དཔེ་སྟོན་ལས་གྲྭ་འཛུགས་སྐྲུན་ཟབ་ཏུ་གཏོང་དགོས། ལྗང་མདོག་ལག་རྩལ་ཁྱབ་གདལ་གྱི་དཀར་ཆག་ལ་བཟོ་བཅོས་དང་ཁྱབ་བསྒྲགས་བྱས་ཏེ་གཙོ་གནད་ནུས་སྤྱོད་ཐོན་རྫས་དང་སྒྲིག་ཆས་དང་། གཙོ་གནད་ལས་རིགས་ཀྱི་ཁེ་ལས། སྤྱི་པའི་སྒྲིག་གཞི་བཅས་ཀྱི་ནུས་ཕྱོད་ལྡན་པའི“སྣེ་ཁྲིད་པ”གསོ་སྐྱོང་ཧུར་ཐག་བྱེད་དགོས།
ལྔ་ནི་ཁྲོམ་ར་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། “གཅིག་འཐུས་རྣམ་པའི”ནུས་རྒྱུ་བསྲི་ཚགས་ཀྱི་ཕྱོགས་བསྡུས་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་ཧུར་ཐག་གཏོང་དགོས། ནུས་རྒྱུ་སྤྱོད་དབང་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་ཉོ་ཚོང་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་ཁྱབ་ཁོངས་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་ཐཱན་འབུད་ཀྱི་བགོ་བྱའི་བཅད་འབོར་བགོ་བཤའ་རྒྱག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དྲོད་ཁང་གི་རླངས་པ་རང་མོས་ངང་འབུད་ཉུང་དུ་གཏོང་བའི་ཉོ་ཚོང་ཁྲོམ་རར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ལྗང་མདོག་ལག་ཁྱེར་ཉོ་ཚོང་ཁྲོམ་ར་གང་མགྱོགས་སྐྲུན་དགོས།
དྲུག་ནི་དམངས་ཡོངས་ཀྱི་བྱ་སྤྱོད་ལག་ལེན་བསྟར་ནས་དམངས་ཡོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། སྨྱན་སྦྱོར་དང་སྤྱི་དམངས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་བྱ་སྤྱོད་ནང་དུས་དང་རྣམ་པ་ཀུན་ཏུ་མི་ཚང་མ་ཞུགས་པའི་དར་སྲོལ་གསར་པ་ཆགས་པར་བྱེད་དགོས།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)