02

ཁྲིམས་འཛིན་པུས། “བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་སྤེལ་བ། 2024年06月04日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཁྲིམས་འཛིན་པུས《“བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཆེད་དོན་ཐད་སྦྲེལ་ཁ་པར་འཛུགས་པ་དང་། ཆེད་དོན་ཞབས་ཞུ་སྤེལ་བ། ཆེད་ལས་དཔུང་ཁག་འཛུགས་པ། རོགས་སྐྱོར་གྱི་ཚད་བཀག་དམའ་རུ་གཏོང་བ་སོགས་ཀྱི་ལས་དོན་ཐད་ཞིབ་ཕྲའི་བྱ་ཐབས་ཁག་10བཏོན་པ་དང་། ས་གནས་ཁག་གིས་ལམ་ལུགས་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་དེ་བས་སྤུས་ལེགས་དང་ནུས་ཆེའི་བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་ན་སོ་དར་ལ་མ་བབས་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་ཁྱོན་ཁྲི་18ཐག་གཅོད་བྱས་པ་དང་ན་སོ་དར་ལ་མ་བབས་པའི་མི་ཁྲི་15ལ་བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

《བརྡ་ཐོའི》ནང་། བཅའ་ཁྲིམས་རོགས་སྐྱོར་གྱི་བཅའ་ཁྲིམས་དོན་འཁྱོལ་བྱས་ཏེ། སྡུག་གཅོད་དང་སྐྱུར་བའམ་ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིས་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པར་དཔལ་འབྱོར་ཆ་རྐྱེན་གྱིས་ཚོད་འཛིན་མི་ཕོག་པ་བྱེད་དགོས་པ་དང་། འཚོ་བའི་ཡོང་ཁུངས་གཏན་འཇགས་མེད་པའི་ན་སོ་དར་ལ་མ་བབས་པའི་མིར་དཔལ་འབྱོར་ཐད་དཀའ་ངལ་ཡོད་མེད་ལ་ཞིབ་བཤེར་བྱེད་མི་དགོས་པའི་བླང་བྱ་བཏོན་ཡོད། 《བརྡ་ཐོའི》ནང་། ན་སོ་དར་ལ་མ་བབས་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་བློ་འདྲི་བརྒྱུད་སྤྲོད་དང་དཀའ་གནད་དང་རྙོག་འཛིང་ཆེ་བ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བའི་གྱོད་གཞིར་ཆེད་མངགས་དམིགས་འཛུགས་མངགས་གཏོང་དང་དམིགས་འཛུགས་མངགས་གཏོང་རིམ་སྤོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁུར་ཁྲིམས་རྩོད་པར་ཆེད་མངགས་གསོ་སྦྱོང་བྱེད་མྱོང་ཡོད་པ་དང་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་ལ་རྒྱུས་མངའ་ཡོད་པར་འགན་ལེན་བྱེད་དགོས་པ་དང་། གཞིས་ལུས་དང་། དཀའ་ངལ་ཡོད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་བྱིས་པར་སྔོན་མངགས་ཞབས་ཞུ་དང་སྒོ་རྩར་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)