01

ཟླ་བ་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་རྒྱུན་མཐུད་བཟང་པོ་ཡོད་པ། 2024年06月04日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་བ་བཞི་པར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འདི་ལོ་ནས་བཟུང་གི་འཁོར་རྒྱུག་གནས་ཚུལ་རྒྱུན་མཐུད་བཟང་པོ་བྱུང་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་། གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད། འགྲུལ་བཞུད་བྱེད་ཚད་བཅས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད།

དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་སུ་ལས་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་172.7ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ཡོད། དེའི་ནང་གཞུང་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་126.0ཟིན་པ་དེ་དུས་མཚུངས་ལས་4.7%འཕར་བ་དང་། ཆུ་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་30.2ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ཡོད།

གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་55.5ཟིན་པ་དེ་དུས་མཚུངས་ལས་5.2%འཕར་ཡོད།

འགྲུལ་བཞུད་བྱེད་ཚད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་ས་ཁོངས་ལས་བརྒལ་བའི་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་219.0ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད། དེའི་ནང་གཞུང་ལམ་ནས་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་202.1ཟིན་པ་དེ་དུས་མཚུངས་ལས་7.4%འཕར་བ་དང་ཆུ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་0.8ཟིན་པ་དེ་དུས་མཚུངས་ལས་8.0%འཕར་ཡོད། ཟླ་བ་བཞི་པ་ཁོ་ནར་ས་ཁོངས་ལས་བརྒལ་བའི་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་51.8ཟིན་པ་དེ་དུས་མཚུངས་ལས་3.1%འཕར་ཡོད།

འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྤྱིར་ན་བརྟན་པོ་བྱུང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་10016ཟིན་པ་དེ་དུས་མཚུངས་ལས་3.3%ཆག་ཡོད་པ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)