02

རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་པ། 2024年04月29日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རབས་གསར་པའི་མི་ཐབས་རིག་ནུས་དེ་ཚན་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཐོན་ལས་ལེགས་སྒྱུར་རིམ་སྤོར། ཐོན་སྐྱེད་ནུས་ཤུགས་སྤྱི་ཡོངས་མཆོང་སྐྱོད་བཅས་ལ་སྐུལ་འདེད་གཏོང་བའི་སྐུལ་འདེད་སྟོབས་ཤུགས་ལ་བརྩིས་ནས་རང་རྒྱལ་གྱི་མི་ཐབས་རིག་ནུས་ཚན་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་ཡོང་བ་དང་། མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་མྱུར་པོ། དེང་རབས་ཐོན་ལས་དང་མཉམ་འདྲེས་བཀོལ་སྤྱོད་དང་རྒྱ་སྐྱེད་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་བས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། མི་དམངས་སྲིད་གྲོས་ཀྱིས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གྲོས་མོལ་སྲིད་གླེང་གི་ཁ་ཕྱོགས་དང་། གཙོ་གནད། དོན་ལ་བབས་ས་བཅས་ཁོང་དུ་དེ་བས་ལེགས་པ་ཆུད་པར་བྱས་ཏེ་ཐབས་འདོན་ཇུས་འབུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་གིས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རང་རྒྱལ་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཀོལ་སྤྱོད་ཀྱི་འཕེལ་རིམ་ལ་དམ་པོར་གཞིགས་ཏེ་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་དང་། མི་ཐབས་རིག་ནུས་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ། དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་བེད་སྤྱོད་གཏིང་ཟབ་བྱེད་པ། མི་ཐབས་རིག་ནུས་བཅོས་སྐྱོང་དང་རྒྱལ་སྤྱིའི་མཉམ་ལས་སོགས་ཐད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་ཧུར་ཐག་བཏོན་ཏེ། མི་ཐབས་རིག་ནུས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་དེ་བས་ལེགས་པ་སྦྱིན་པ་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་དང་དེར་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་རམ་འདེགས་བྱེད་དགོས། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི“དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོ་དང“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སོགས་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། “ཨུ་ཡོན་གྱི་ཚན་རིག་འཆད་ཁྲིད་ཁང”སོགས་ལས་སྟེགས་སྤྱད་ནས་དུས་རབས་གསར་པའི་རང་རྒྱལ་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཀོལ་སྤྱོད་ལ་ཐོབ་པའི་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་སྤྲོ་སེམས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་གསུངས་པ་རེད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཀྲི་ཀང་དང་། ལི་མོང་། ཀྲུའུ་སུང་ཁྲུན། ཀྲོའུ་ཧུང་དབྱི། ཝང་ཅན། ཆན་ཧྥུང་། མཱ་ཅུན་ཧྲེང་། སུན་ཀྲི་ཆང་བཅས་དང་དེ་བཞིན་རིགས་གཅིག་མཁས་ཅན་ལིའུ་ཆིང་ཧྥུང་དང་ཀྲུའུ་ལེ་བཅས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་། ཧྲང་ཧའེ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱི་ཚོགས་ར། དེ་བཞིན་པེ་ཅིང་དང་ཀོང་ཏུང་སོགས་སུ་བརྙན་ལམ་སྦྲེལ་མཐུད་སོགས་ཀྱི་རྣམ་པའི་ཐོག་ནས་གཏམ་བཤད་གནང་བ་རེད། ཚང་མས་ངོས་འཛིན་གནང་དོན། སྔ་བསམ་ཕྱི་བལྟས་ཀྱི་ཁྲིད་སྟོན་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། རང་བརྟེན་ཚོད་འཛིན་ཐུབ་པའི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། མི་ཐབས་རིག་ནུས་གནས་མང་པོར་བཀོལ་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱེད་པ། ཐད་ཀར་ཅན་དང་ཐོན་ལས་ཅན་གྱི་དཔེ་དབྱིབས་ཆེན་པོ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་ཞིང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་བརྟེན་ནས་མི་ཐབས་རིག་ནུས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། གྲངས་གཞི་དང་རྩིས་ནུས་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་སྤྱོད་བསྡུ་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་ཀྱིས་བཟོ་ལས་ཅན་གསར་པར་སྒུལ་ཤུགས་གསར་པ་སྣོན་དགོས། མི་ཐབས་རིག་ནུས་གསར་གཏོད་ཀྱི་སྲིད་ཇུས་དང་གཙོ་གནད་ཆེད་ལས་རྣམ་པའི་མི་ཆོས་ཚད་ལྡན་དང་བདེ་འཇགས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་མ་བཏང་ནས་དེང་རབས་ཐོན་ལས་མ་ལག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥེང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲའོ་ཧུང་། ཁྲེན་ཝུའུ། ཝང་ཏུང་ཧྥུང་། ཀྲུའུ་ཡུང་ཤིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་སྤེལ་རེས་གནང་བ་རེད།

(སྐལ་མཆོག་གིས་བསྒྱུར། བསོད་བདེ་རྒན་པས་ཞུས)