02

ཁྲི་ཀྲོའུ་ནས་ཧོང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ། ཅིའུ་ཧྭ་རི་བོ་དང་ཐའེ་ཕིང་མཚེའུ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་བརྒྱུད་ཀྱི་ཡོད་པ། 2024年04月29日

འདི་ནི་ཟླ་4ཚེས་26ཉིན། བསྐྱར་དར་རྟགས་ཅན་གྱི་རིག་ནུས་ཤུགས་འགྲེམས་མེ་འཁོར་ཁྲི་ཧོང་མྱུར་བགྲོད་ལྕགས་ལམ་ཐའེ་ཕིང་མཚེའུ་ཡི་ཟམ་ཆེན་ནས་སྐྱོད་བཞིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཨན་ཧུའེ་ཞིང་ཆེན་ཁྲི་ཀྲོའུ་ནས་ཧོང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ(གཤམ་དུ“ཁྲི་ཧོང་མྱུར་བགྲོད་ལྕགས་ལམ”ཞེས་བསྡུ་རྒྱུ)ཚེས་26ཉིན་དངོས་སུ་ཤར་གཏོང་ཐུབ་པ་རེད། ཁྲི་ཧོང་མྱུར་བགྲོད་ལྕགས་ལམ་ནི་ཁྲི་ཀྲོའུ་བབས་ཚུགས་ནས་ཐོན་ཏེ་ཁྲི་ཀྲོའུ་གྲོང་ཁྱེར་གྱི་ཀུའེ་ཁྲི་ཆུས་དང་ཆིང་དབྱང་རྫོང་དང་། ཧོང་ཧྲན་གྲོང་ཁྱེར་གྱི་ཧོང་ཧྲན་ཆུས་དང་དབྱི་རྫོང་བཅས་བརྒྱུད་དེ་དབྱི་རྫོང་གི་ཤར་ཚུགས་དང་འབྲེལ་ལ། ལམ་ཐིག་ཨ་མའི་སྤྱིའི་རིང་ཚད་ལ་སྤྱི་ལེ་125ཡོད་པ་དང་ཆུ་ཚོད་རེའི་ཇུས་འགོད་མྱུར་ཚད་སྤྱི་ལེ་350ཡིན་པ་རེད།

ཁྲི་ཧོང་མྱུར་བགྲོད་ལྕགས་ལམ་ནི་ཁྲི་ཀྲོའུ་བབས་ཚུགས་སུ་ནན་ཅིང་ནས་ཨན་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་འབྲེལ་བ་དང་། དབྱི་རྫོང་ཤར་ཚུགས་སུ་ཧང་ཀྲོའུ་ནས་ནན་ཁྲང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་འབྲེལ་ཡོད། ལམ་བར་དུ་ཅིའུ་ཧྭ་རི་བོ་དང་། ཐའེ་ཕིང་མཚེའུ། ཧོང་ཧྲན། ཤིས་ཏི་ཧུང་གྲོང་ཚོ། ཆི་ཡུན་རི་བོ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་བརྒྱུད་ཀྱི་ཡོད་པས་སྤུས་ཚད་མཐོ་བའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཞིག་རེད།

ཁྲི་ཧོང་མྱུར་བགྲོད་ལྕགས་ལམ་གྱི་ལམ་རྒྱུད་དུ་རང་བྱུང་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་ཁུལ་གྲགས་ཅན། འདམ་རའི་སྤྱི་གླིང་། ནགས་ཚལ་སྤྱི་གླིང་སོགས་སྐྱེ་ཁམས་གཏོར་སྐྱོན་ཕོག་སླ་བའི་ཁུལ་ཁག་5ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་རྩ་གསོ་འཁྱོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དུམ་བུ་16ཡི་སྤྱི་ལེ་36.8ཡོད་པ་རེད། ཨར་སྐྲུན་ནང་ཞུགས་མཁན་ཚན་པས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལྗང་མདོག་ལམ་བུ་བརྟན་སྲུང་བྱས་ནས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་དང་ས་གནས་དེ་གའི་རང་བྱུང་མཛེས་ལྗོངས་ཞི་མཐུན་མཉམ་གནས་ཐུབ་པར་བྱས་ཡོད། ཁྲི་ཧོང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་ལ་ཁྱོན་ཕུག་ལམ་34ཡོད་པ་དེ་དག་གིས་བསྡུར་ཚད་60.8%བཟུང་བ་དང་། ཟམ་པ་ཆེ་འབྲིང་ཆུང་གསུམ་ཁྱོན་55ཡོད་པ་དེ་དག་གིས་ལམ་ཐིག་ཡོངས་ཀྱི་28%བཟུང་བ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་89%ཟིན་པ་བཅས་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཁྲི་ཧོང་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་མ་ཐག་པའི་སྐབས་སུ་ལྕགས་ལམ་སྡེ་ཚན་གྱིས་ཉིན་ལྟར་མང་ཤོས་ལ་ཤུགས་འགྲེམས་མེ་འཁོར་24བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད། ཕྱིས་སུ་ཁྲོམ་རའི་དགོས་མཁོ་དང་འགྲུལ་རྒྱུན་ལ་གཞིགས་ནས་མེ་འཁོར་གཏོང་ཐེངས་བབ་བསྟུན་ངང་ལེགས་སྒྲིག་བྱས་ཏེ་ལམ་རྒྱུད་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་ཡིན་པ་རེད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཉི་དོན་གྱིས་ཞུས)