འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རང་རྒྱལ་གྱི་ལས་རིགས་བདེ་ཐང་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལས་རིགས་ཀྱི་ནད་དང་དེ་བཞིན་གནོད་རྐྱེན་ལྟ་ཞིབ་ཚད་ལེན་དང་ལས་རིགས་ཀྱི་ནད་གཞིའི་སྙན་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལྟ་ཞིབ་ཚད་ལེན་གྱི་ནད་གཞིའི་རིགས་དེ་སྔའི་ལས་རིགས་ཀྱི་ནད་རིགས་10ནས་ལས་རིགས་ཀྱི་ནད་གཞིའི་རིགས་ཡོངས་ལ་རྒྱ་བསྐྱེད་དེ་ཁྱོན་བསྡོམས་ནད་རིགས་ཆེ་བ་10ཡི་ནད་མི་འདྲ་བ་132ཡོད་པ་རེད།
ད་ལོའི་ཟླ་4ཚེས་25ཉིན་ནས་ཟླ་5ཚེས་1ཉིན་བར་ནི་རྒྱལ་ཡོངས་ཀྱི་ལས་རིགས་ཀྱི་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་ཉེར་གཉིས་པ་ཡིན་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་མང་པོས་མཉམ་དུ“སྔོན་འགོག་གཙོ་བོར་བྱེད་པ་མཐའ་འཁྱོངས་དང་ལས་རིགས་བདེ་ཐང་སྲུང་བ”བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ངལ་རྩོལ་པའི་ལས་རིགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བ་དང་ངལ་རྩོལ་པའི་བདེ་ཐང་ཁེ་དབང་འགན་ལེན་བྱ་རྒྱུར་ཤུགས་བརྒྱབ་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལས་རིགས་བདེ་ཐང་སིའི་སི་ཀྲང་གཞོན་པ་དང་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་ཅན་ཏུང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་རིགས་ཀྱི་ནད་འགོག་བཅོས་འཆར་འགོད་ལག་བསྟར་བྱས་ཚུན། ལས་རིགས་ཀྱི་ནད་འགོག་བཅོས་ཀྱི་གཙོ་གནད་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རིམ་དང་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད།
སྔོན་འགོག་གཙོ་བོར་བྱེད་པ་མཐའ་འཁྱོངས་ཀྱིས་འབྱུང་རྩ་ནས་སྔོན་འགོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རང་རྒྱལ་གྱིས་ཐལ་རྡུལ་དང་། རྫས་འགྱུར་དུག་རྫས། འཛེར་སྒྲ། འགྱེད་འཕྲོའི་རང་བཞིན་གྱི་ལས་རིགས་ཀྱི་ནད་གནོད་འཚེ་ཚབས་ཆེ་བའི་གཏེར་རི་དང་། ལྕགས་བཞུ། ཨར་ལས་རྒྱུ་ཆ་སོགས་ལས་རིགས་ཁྱབ་ཁོངས་གཙོ་གནད་དུ་བཟུང་སྟེ། ལས་རིགས་ཀྱི་ནད་གནོད་འཚེའི་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་ཡོད། ན་ནིང་གི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཆེད་དོན་བཅོས་སྒྲིག་ནང་བཅུག་པའི་ཁེ་ལས་ཁྲི་18.5ཟིན་པ་དང་ཁྲི་7.5ཡི་བཅོས་སྒྲིག་ལས་དོན་ལེགས་གྲུབ་ཟིན་ཡོད། ལས་རིགས་ཀྱི་ནད་དང་དེ་བཞིན་གནོད་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ལས་རིགས་ཀྱི་ནད་གནོད་འཚེ་ཚབས་ཆེ་བའི་ལས་རིགས་དང་། ལས་རིགས་ཀྱི་ནད་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་རྫོང་དང་ཆུས། ལྟ་ཞིབ་ཚད་ལེན་གྱི་ནད་རིགས་བཅས“རྦད་དེ་ཁྱབ་པ་གསུམ”མངོན་འགྱུར་བྱུང་ཡོད། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཁྲིམས་སྒྱུར་དང་། གནོད་འཚེ་བཅོས་སྒྲིག བདེ་ཐང་ཁེ་ལས་འཛུགས་སྐྲུན་བཅས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྤྱོད་ཚན་པ་ཁྲི་92ལྷག་ཙམ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། སྐྱོན་བྲལ་ཁེ་ལས་ཁྲི་1.9བསྐྲུན་ཞིང་། “ལས་རིགས་བདེ་ཐང་བརྡར་པ”ཁྲི་6.9འདེམས་པ་རེད།
ལས་རིགས་བདེ་ཐང་བརྟག་དཔྱད་དང་ལས་རིགས་ཀྱི་ནད་སྨན་བཅོས་དང་བདེ་ཐང་སླར་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། རྒྱལ་ཡོངས་སུ་ད་ལྟ་ལས་རིགས་ཀྱི་ནད་བརྟག་སྒྲིག་གཞི་620དང་། ལས་རིགས་ཀྱི་བདེ་ཐང་བརྟག་དཔྱད་སྒྲིག་གཞི་5670 རྡུལ་གྲིབ་གློ་ནད་ཀྱི་བདེ་ཐང་སླར་གསོའི་ས་ཚིགས་829བཅས་ཡོད་ཅིང་། “ས་ཁུལ་དང་གྲོང་ཁྱེར་དུ་ནད་བརྟག་དང་། རྫོང་དང་ཆུས་སུ་གཟུགས་པོར་བརྟག་དཔྱད། ཤང་དང་གྲོང་རྡལ་དུ་བདེ་ཐང་སླར་གསོ”བཅས་ཀྱི་ལས་རིགས་ཀྱི་ནད་བརྟག་དང་སླར་གསོའི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱས་ཚུན། ངལ་རྩོལ་པ་ཁྲི་5300ལ་ལས་རིགས་ཀྱི་བདེ་ཐང་བརྟག་དཔྱད་བྱས་པ་དང་། ངལ་རྩོལ་པ་མི་ཐེངས་ཁྲི་9ལྷག་ཙམ་ལ་ལས་རིགས་ཀྱི་ནད་བརྟག་ཞབས་འདེགས་ཞུས་ཤིང་། རྡུལ་གྲིབ་གློ་ནད་ཕོག་མཁན་མི་ཐེངས་ཁྲི་120ལྷག་ཙམ་ལ་ཐག་ཉེ་ས་དང་སྨན་རིན་མི་དགོས་པར་བདེ་ཐང་སླར་གསོའི་ཞབས་འདེགས་ཞུས་པ་རེད།
འདེགས་སྐྱོར་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་ཀྱི་ལས་རིགས་འཕྲོད་བསྟེན་དང་འགྱེད་འཕྲོའི་འཕྲོད་བསྟེན་ལག་རྩལ་ཞབས་ཞུའི་སྒྲིག་གཞི་2059ཟིན་པ་དང་། ད་ཡོད་ཀྱི་ལས་རིགས་ཀྱི་ནད་འགོག་བཅོས་ཀྱི་ཆེད་ལས་ལག་རྩལ་པ་ཁྲི་7.4ཟིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་28ལ་ལས་གྲྭའི་འགོག་སྲུང་ལག་རྩལ་གྱི་འདེགས་སྐྱོར་སྒྲིག་གཞི་བཙུགས་པ་དང་། “རྒྱལ་ཁབ་ཀྱི་གཏེར་རིའི་བདེ་འཇགས་ལག་རྩལ་གསར་གཏོད་ལྟེ་གནས”དང“རྒྱལ་ཁབ་ཀྱི་རྡུལ་གྲིབ་གློ་ནད་སྨན་བཅོས་ལྟེ་གནས”དང་དེ་བཞིན་རྡུལ་གྲིབ་གློ་ནད་འགོག་བཅོས་ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་བཙུགས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐལ་རྡུལ་གནོད་འཚེའི་འདུ་འགོད་འགོག་སྲུང་གཙོ་གནད་ཚོད་ལྟ་ཁང་གིས་ད་དུང་ཁག་གཉིས་སུ་ཕྱེ་ནས་ཐལ་རྡུལ་འགོག་པ་དང་དུག་རྒྱུ་འགོག་པར་འཚམ་པའི་སྔོན་ཐོན་གྱི་ལག་རྩལ་ཁག་64བདམས་པ་དང་ཚན་རྩལ་གྲུབ་འབྲས་ཁག་གཅིག་གཞན་སྒྱུར་བྱས་ནས། ཞིང་ཆེན་རིམ་པའི་འདུ་འགོད་འགོག་སྲུང་སྒྲིག་གཞི་དང་མཉམ་ལས་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།
(མཚམས་གཅོད་ཀྱིས་བསྒྱུར། བསྟན་བཟང་གིས་ཞུས)