01

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 2024年04月29日

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་བརྟག་ཞིབ་བྱས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་སྙན་སེང་གསན་པ་དང་།《གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མི་སྣའི་ཆད་གཅོད་སྲོལ་ཡིག(འཆར་ཟིན)》དང《བཟོ་ལས་ཐོན་རྫས་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་ཁྱེར་གྱི་དོ་དམ་དཀར་ཆག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་གཏོད་པར་མུ་མཐུད་ཤུགས་བརྒྱབ་ནས་ངེས་པར་དུ་ཕན་འབྲས་ཐོན་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དྲང་གཞག་ངང་འགྲན་རྩོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཁྲོམ་རའི་བཀག་རྒྱ་མེད་པ་བཟོ་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་གནས་པའི་དཀའ་གནད་ལ་དམིགས་ཏེ་དངོས་སྒྲུབ་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་ཐག་གཅོད་ཏན་ཏིག་བྱེད་དགོས། རྗེས་འདེད་སྐུལ་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་ཏེ་གནད་དོན་ཚང་མ་དག་ཐེར་གནད་འཁེལ་ཡོང་བའི་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་བརྟག་ཞིབ་བྱེད་རིང་འཚོལ་བསྡུ་བྱས་པའི་བསམ་འཆར་དང་གྲོས་འགོ་དག་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ལྟར་ལས་བགོས་བརྒྱབ་ནས་དོན་ཚན་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་སྲིད་ཇུས་དངོས་སུ་འདོན་པ་དང་གཏན་འབེབས་བྱེད་སྐབས་བསྡུ་ལེན་ཧུར་ཐག་བྱེད་དགོས། དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་སྟངས་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས།

ཚོགས་འདུའི་ཐོག《གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མི་སྣའི་ཆད་གཅོད་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་བསྟན་དོན། གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མི་སྣར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཚེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྤྱོད་གཙང་ལས་སྒྲུབ་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གཞུང་ཁོངས་ཁེ་ལས་ཡུན་རིང་འཕེལ་རྒྱས་འགྲོ་བར་ཡང་ཕན་ཐོགས་ཡོད། ཁྲིམས་སྒྱུར་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་སྲོལ་ཡིག་དོན་འཁྱོལ་དང་སྐོར་གཟིགས་དག་ཐེར་ལས་དོན་ཟུང་འབྲེལ་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་སྲོལ་ཡིག་ནང་གཏན་འབེབས་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་གཞིགས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མི་སྣ་གཙོ་བོར་དོ་དམ་ནན་པོ་བྱེད་པ་དང་། འབྱུང་སླ་ཞིང་ཐོན་མང་བའི་གནད་དོན་ལ་དམིགས་ཏེ་སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། སྐྱོན་ཆུང་དུས་ནས་སེལ་བ་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་ཀྱི་སྐྱོན་ཆ་སྔར་བས་སེལ་བ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ལམ་ལུགས་ནི་བཟོ་ལས་ཐོན་རྫས་གལ་ཆེན་གྱི་སྤུས་ཚད་བདེ་འཇགས་ཀྱི་ལམ་ལུགས་འགན་ལེན་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཉེན་ཆེའི་ཐོན་རྫས་རྣམས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་དོ་དམ་ནང་དུས་ཐོག་ཏུ་འཇུག་རྒྱུར་ཞིབ་འཇུག་བྱེད་པ་དང་འབྲེལ་ལག་བསྟར་ཞིབ་སྲོལ་བཟོས་ནས་ཆོག་འཐུས་དོ་དམ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལག་ཁྱེར་རག་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་བདེ་འཇགས་སྐོར་གྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་དོ་དམ་མེད་པར་བཟོས་པའི་བཟོ་ལས་ཐོན་རྫས་ལ་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དང་འཐེན་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཐོན་རྫས་ཀྱི་3Cཁས་ལེན་དཔང་འདོན་དང་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་སོགས་ཀྱི་བྱེད་ཐབས་སྤྱི་འདོམས་བེད་ཡག་པོ་སྤྱད་དེ་འཕྲལ་མར་མཁོ་བའི་གཙོ་གནད་ཚད་གཞི་ཁག་གཅིག་མགྱོགས་མྱུར་བཟོ་བཅོས་བརྒྱབ་ནས་ཚད་གཞི་མཐོ་རུ་གཏོང་བར་བརྟེན་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)