བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱི་དགུན་མཚེར་དུ་འབྲི་གཡག་གནས་བཟོད་བདེ་པོས་འཚོ་བཞིན་ཡོད་པ་དེ་དང་རྒྱང་རིང་གི་གངས་རི་ཕན་ཚུན་སྤེལ་ཟླར་གྱུར་ནས་མཛེས་ཤིང་ལྟ་ན་སྡུག
ས་མཐོའི་གྲོང་རྡལ་ཆུང་ངུ་དེར་ལག་ཡོད་འབྲི་གཡག་མགོ་གྲངས་30000ལྷག་ཙམ་ཡོད་པ་དང་ཚགས་ཤ་དང་དཀར་ཆུའི་ཐོན་རྫས་ནི་ས་གནས་དེ་གའི་འབྲོག་ལས་ཐོན་རྫས་གཙོ་བོ་རེད། ས་གནས་དེས་མཉམ་ལས་ཁང་དང་ཕྱིར་ཚོང་ཁང་སོགས་ལ་བརྟེན་ནས་ཐོན་རྫས་ཀྱི་སྣ་ཁ་མང་དུ་གཏོང་བ་དང་། ཐོན་ཚོང་ལས་སྟེགས་གཏོད་པ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་ཀྱི་ཡོད།
སྦྲ་གུར་གྱི་ཕྱི་རུ་འབྲོག་པ་ཚེ་རིང་ཕུན་ཚོགས་ཀྱིས་འབྲི་གཡག་ཚང་རྩིས་རྒྱག་བཞིན་ཡོད་ཅིང་། དེ་ཡང་། མིག་མདུན་གྱི་ནོར་ཁྱུ་ཚང་མ་ཚེ་རིང་ཕུན་ཚོགས་ཁྱིམ་གྱི་མ་རེད། “ང་ཚོའི་ཁྱིམ་ཚང་གིས་ཡུལ་མི་ཞིག་ལ་འབྲི་གཡག་འཚོ་རོགས་བྱེད་ཀྱི་ཡོད། ཁྱོན་འབྲི་གཡག་100ལྷག་ཙམ་ཡོད་པ་དེའི་ནང་གི་ཕྱེད་ཀ་འདི་གར་ཡོད། ཕྱེད་ཀ་རི་མགོར་གློད་ཡོད”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་འབྲི་གཡག་གི་སྒལ་པར་བཏགས་ཡོད་པའི་དར་ཚོན་ལ་མཛུབ་མོ་འཛུགས་བཞིན་འདི་ལྟར་བཤད་པ་དང་། ཁོང་གིས། མཚོན་རྟགས་འདི་ཡོད་པས་འབྲི་གཡག་འདི་དག་སུའི་ཡིན་མིན་བལྟས་པ་ཙམ་གྱིས་དབྱེ་བ་འབྱེད་ཐུབ་ཅེས་བཤད།
མིག་སྔར་འབྲི་གཡག་བཅོལ་གསོ་དང་ཚབ་གསོ་བྱེད་པའི་བྱ་ཐབས་དེ་ས་གནས་དེ་གར་ཁྱབ་གདལ་འགྲོ་བཞིན་ཡོད་པ་རེད། ངལ་རྩོལ་ནུས་ཤུགས་མི་འདང་བའི་འབྲོག་དུད་ཀྱིས་འབྲི་གཡག་དག་ངལ་རྩོལ་ནུས་ཤུགས་འདང་ངེས་ཡོད་པའི་འབྲོག་དུད་ལ་བཅོལ་ཏེ་འཚོ་སྐྱོང་བྱེད་དུ་འཇུག་པ་དང་འབྲེལ་དེ་མཚུངས་ཀྱི་འཚོ་སྐྱོང་ཐོབ་ཆ་སྤྲོད་ཀྱི་ཡོད། དེས་ན། འབྲི་གཡག་འཚོ་བའི་གནོན་ཤུགས་ཆུང་དུ་ཕྱིན་པའི་འབྲོག་པས་ཕྱིར་ལས་ཀ་འཚོལ་བར་བསྐྱོད་དེ་ཡོང་འབབ་མང་ཙམ་གསོག་ཐབས་བྱེད་ཀྱི་ཡོད། འཆར་འགོད་གཞིར་བཟུང་། ས་གནས་དེས་གྲོང་ཚོ་ཡོངས་ལ་ཆེད་མངགས་ནོར་འཚོ་མཁན་ཞིག་གདན་དྲངས་ནས་ངལ་ནུས་ལྷག་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐབས་ཤེས་ཤིག་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
ཚེ་རིང་ཕུན་ཚོགས་ཀྱིས་འཚོ་སྐྱོང་བྱེད་པའི་འབྲི་མོ་30ལྷག་ཙམ་ལས་ཐོན་པའི་འབྲི་མར་དེ་དག་གྲོང་རྡལ་གྱི་གུང་ལྷས་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་ནས་འཚོང་བ་དང་། གྲོང་ཚོའི་མཉམ་སྡེབ་དང་། ཞིང་དུད། མཉམ་ལས་ཁང་། མི་སྒེར་གྱིས་འགན་གཙང་ལེན་པ་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་གུང་ལྷས་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གི་དུད་ཚང་75ཡི་ཧྲི་ཡོན་347ཁེ་སྤོགས་བགོ་འགྲེམས་རྒྱག་པར་ཞུགས་ཀྱི་ཡོད་པ་དང་ཉེ་འཁོར་གྱི་སྲིད་འཛིན་གྲོང་ཚོ་མང་པོ་ཞིག་གི་དཀར་ཆུའི་ཐོན་རྫས་ཀྱང་ཚུད་ཡོད་པ་རེད།
2024ལོར་གུང་ལྷས་གྲོང་ཚོའི་ཏང་ཀྲི་པུས་ཉི་མ་མཚམས་ལགས་ཕྱིར་དཀར་ཆུའི་ཐོན་རྫས་ལས་སྣོན་གྱི་ལག་རྩལ་གསར་པ་སྦྱོང་དུ་སྐྱོད་པར་རྒྱབ་སྐྱོར་བྱས་པ་རེད། 2025ལོར་ཕྱིར་ཚོང་ཁང་དུ་ཞོ་དང་ཐུད་སོགས་ཐོན་རྫས་གསར་པ་ཡོད་པ་དང་། ཚོང་ཁང་ནང་དུ་ད་དུང་སྟོང་སངས་ཐུམ་སྒྲིལ་སྒྲིག་ཆས་ཡོད་པས་འཛད་སྤྱོད་པས་འཁྱེར་བདེ་བ་དང་ཉར་བདེ་པོ་ཡོད། ད་ཆ་རིགས་ཁག་གི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཆེད་མངགས་ཉོ་བར་ཡོང་གི་ཡོད།
“00ནང་སྐྱེས”ཀྱི་གཞོན་ནུ་མཚམས་གཅོད་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ངམ་རིང་རྫོང་གྲོང་དུ་ཞིང་འབྲོག་ཐོན་རྫས་ཀྱི་ཚོང་ཁང་ཞིག་བཙུགས། “ཕ་ཡུལ་གྱི་ཞིང་འབྲོག་ཐོན་ཟོག་གི་སྤུས་ཚད་ཡག་པོ་ཡོད་པས་ངས་ཡུལ་མི་ཚོར་ཐོན་རྫས་ཡག་པོ་དེ་དག་འཚོང་རོགས་བྱེད་འདོད་འདུག”ཅེས་མཚམས་གཅོད་ཀྱིས་བརྗོད་པ་དང་། མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པའི་ཐོན་རྫས་ཚོང་ཁང་གི་ཚོང་བྲིན་ཁ་རྒྱུག་པོ་ཡོད་པ་དང་། མཚམས་གཅོད་ཀྱང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་འགོ་ཚུགས་ཡོད།
ངམ་རིང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་རྣམ་གྲངས་ཀྱི་རོགས་སྐྱོར་འོག་མཚམས་གཅོད་ཀྱིས་བམ་པ་གྲོང་ཚོར་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་ཁང་བཙུགས་པ་དང་། ལུགས་པར་སོགས་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་བཟོ་ཁང་དུ་དབོར་བཞིན་ཡོད་པ་རེད།
ཚོང་ལམ་རྒྱ་ཆེར་གཏོང་ཆེད། མཚམས་གཅོད་ཀྱིས་ལག་ཐོགས་ཁ་པར་གྱི་འབྲེལ་ལམ་སྨྱན་སྦྱོར་ལ་བརྟེན་ནས་དཀར་ཆུའི་ཐོན་རྫས་ཀྱི་ཐོན་སྐྱེད་བརྒྱུད་རིམ་པར་དུ་བླངས་ཏེ་ས་གནས་དེ་གའི་ཐོན་རྫས་ཡག་པོ་འོས་སྦྱོར་བྱེད་ཀྱི་ཡོད། ཁོང་གིས་ད་དུང་རྟ་རྒྱུག་ཐང་དུ་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་བཙུགས་ནས་འགྲོ་འོང་བྱེད་མཁན་འགྲུལ་པར་བཟང་བཟང་གི་ཐོན་རྫས་དྲིལ་བསྒྲགས་བྱེད་པ་དང་། ཚོང་ལམ་ཡང་ངམ་རིང་རྫོང་ནས་ལྷ་ས་དང་ཁྲེང་ཏུའུ་སོགས་སུ་རིམ་བཞིན་ཁྱབ་བཞིན་ཡོད།
བཟང་བཟང་རྩྭ་ཐང་དུ་ས་རིམ་བཞིན་རུབ་པ་དང་བསྟུན་ནས་འབྲོག་པ་ཚོས་འབྲི་གཡག་ལྷས་རར་དེད་པ་དང་། སྐབས་དེར་ཚོང་ཁང་གི་གློག་སྒྲོན་ཡང་ཁྲ་ལྷམ་མེར་གསལ་ཡོད། བཅོལ་ཉར་ཕྱུགས་འཚོ་དང་། མཉམ་ལས་གཉེར་སྐྱོང་། གཞོན་ནུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་སོགས་ཀྱི་རྣམ་པ་བརྒྱུད་འབབ་འཕར་གྱི་ཐབས་ལམ་གསར་པ་མང་པོ་ཞིག་ཟམ་མི་ཆད་པར་ས་མཐོར་དར་ཁྱབ་འགྲོ་བཞིན་ཡོད་པ་རེད།
(བསྟན་འཛིན་དང་ཚེ་ལྷས་སྒྱུར་ཞུས་བྱས)