རྩོམ་སྒྲིག་པའི་སྦྲགས་མཆན།
ཟླ་11ཚེས་4ཉིན། 2026ལོའི་ཀུའུ་ལིང་གླེང་སྟེགས་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་འཚོགས་ཤིང་། གླེང་སྟེགས་ཐོག“དམིགས་ས་གཅིག་ཏུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་སྐུ་མགྲོན་མང་པོ་ལྷན་དུ་འཛོམས་ནས“མི་དམངས་ཀྱི་རེ་སྒུག་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་རྒྱལ་ཁབ་ཆེན་པོ་ཡང་དག་པར་མཉམ་གནས་བྱེད་པའི་ལམ་བུ་གསར་པར་སྐྱོད”ཅེས་པ་དང་། “ཕན་ཚུན་གཉིས་ཀར་གྲུབ་འབྲས་ཐོབ་པར་རམ་འདེགས་དང་གཉིས་ཕན་མཉམ་ལས་ནི་ཡང་དག་པའི་གདམ་ག་འབའ་ཞིག་ཡིན”ཞེས་པ་སོགས་གྲོས་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
སློབ་གསོའི་སྒོ་དབྱེ་མཉམ་ལས་ལ་བརྟེན་ནས་ཀྲུང་ཨ་མཉམ་གནས་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་དགོས།
ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི། ཀྲང་ཏུང་ཀང་།
ཀུའུ་ལིང་འདི་ཉིད་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བར་ཐག་ཉེ་རུ་གཏོང་བ་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། སློབ་གསོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཕན་པ་ཐོབ་མཁན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་མཁན་ཞིག་ཏུ་དེ་བས་འགྱུར་བར་བྱེད་དགོས། ཀྲུང་ཨའི་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ནི་རིག་གནས་ཀྱི་ཁྱད་པར་ལས་བརྒལ་བའི“སྐད་ཆ་ཤོད་རེས་ཀྱི་འདུ་འགོད”ཅིག་ཡིན་ཞིང་། དེའི་དམིགས་ས་ནི་འགལ་ཟླ་སེལ་བ་དང་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པ་དང་། དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི“དམངས་སེམས་འདུ་འགོད”ཅིག་ཡིན་ཞིང་། དེའི་དམིགས་ས་ནི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པ། དུས་རབས་ཀྱི་ཤེས་ལྡན་པ་ཕུལ་བྱུང་སྐྱོང་བའི“འབྱུང་འགྱུར་འདུ་འགོད”ཅིག་ཡིན་ཞིང་། དེའི་དམིགས་ས་ནི་མི་རབས་ནས་མི་རབས་བར་མཛའ་གྲོགས་ལྡན་པ་དང་རྒྱུན་འཛིན་བྱེད་མཁན་ཡོད་པ་བྱ་རྒྱུ་དེ་ཡིན་པ་རེད།
ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཀྲུང་ཨའི་སློབ་གསོའི་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད། འབྱུང་འགྱུར་ལ་ཕྱོགས་སྐབས་ཀུའུ་ལིང་གི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཤེས་རྟོགས་དེ་བས་ཟབ་ཏུ་བཏང་ནས“རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་མི་དམངས་དབར་གྱི་འཆམ་མཐུན་ལ་ཐུག་པའི”འདུ་ཤེས་དེ་ན་གཞོན་མི་རབས་ཀྱི་སེམས་ནང་རྩ་བ་ཚུགས་པར་བྱེད་དགོས་པ་དང་། ཀུའུ་ལིང་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་བློ་གྲོས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་རིག་གཞུང་གི་གྲུབ་འབྲས་ཏན་ཏིག་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་ཞབས་འདེགས་ཞུས་ཏེ། ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ལ་དྲང་ནུས་སྣོན་དགོས།
ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཕྱོགས་ཁག་དང་མཉམ་དུ་སློབ་གསོའི་རང་འགན་ལ་གཞི་ཚུགས་པ་དང་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ། “ཀུའུ་ལིང་གི་ལས་འབྲེལ”རྒྱུན་འཛིན་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་ཟབ་ཏུ་གཏོང་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)
ལས་རིགས་ཁག་གིས་སྤེལ་རེས་བྱས་ནས་ཨ་ཀྲུང་མཛའ་གྲོགས་ཀྱི་འབྲེལ་ཐག་དམ་དུ་གཏོང་བའི་འབོད་སྐུལ་བྱེད་དགོས།
ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ། ཐན་སེན།
ན་ནིང་ཟླ་6པར། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཚོགས་མིའི་ཁེ་ལས་270ཡི་འཐུས་མི་ཁག་གཅིག་ཧྥུའུ་ཀྲོའུ་རུ་འཚམས་འདྲིར་ཡོང་ནས། ཧྥུའུ་ཅན་དུ་ཡོད་པའི་ཨ་རིའི་ཁེ་ལས་ཀྱི་ཚོང་ལས་གོ་སྐབས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། སྤེལ་རེས་བྱེད་སྒོ་དེ་དག་ནི་ཀུའུ་ལིང་གཏམ་རྒྱུད་ཀྱི་འདུ་ཤེས་གཙོ་བོ་སྟེ། མཛའ་གྲོགས་དང་། མཉམ་ལས། རིག་གནས་ལས་བརྒལ་བའི་མཉམ་འདྲེས་བཅས་གསོན་ཉམས་དོད་པོས་མཚོན་པ་ཞིག་རེད། ལོ་བརྒྱ་ལྷག་ཙམ་སོང་བའི་མཛའ་གྲོགས་ཀྱི་གཏམ་རྒྱུད་དེ་ལས་ང་ཚོར་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མཐུན་པའི་ཆ་ནི་མི་མཐུན་པའི་ཆ་ལས་ཧ་ཅང་མང་བ་ཡོད་པ་དང་། དམངས་ཚོགས་དབར་གྱི་འགྲོ་འོང་དེ་སྐད་ཡིག་དང་རིག་གནསཙམ་མ་ཟད། ཐ་ན་ཆབ་སྲིད་ཐད་ཀྱི་ཁྱད་པར་ལས་སྒྲོལ་ཐུབ་པའི་དྲན་སྐུལ་བྱས་ཡོད།
བརྩེ་སེམས་དེ་རྒྱུན་འཁྱོངས་བྱེད་པར། གཞོན་ནུ་མི་རབས་ཀྱིས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ད་ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་རིང་། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་10ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། དེ་ནི“ལོ་ལྔར་ཁྲི་ལྔའི”གྲོས་འགོའི་རྗེས་སུ་བཏོན་གནང་བའི་གྲོས་འགོ་གསར་པ་ཞིག་ཡིན་པ་དང་། དེ་གོང་གི་དམིགས་ཚད་ཀྱང་སྔ་སྣུར་དུ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།
ཀུའུ་ལིང་གི་གཏམ་རྒྱུད་ཀྱིས་ང་ཚོར་མི་དང་མིའི་དབར་གྱི་སྤེལ་རེས་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་བབ་གལ་ཆེན་ལ་བཞག་ནས་ཡུན་རིང་གི་འབྲེལ་ཐག་བཙུགས་ཏེ། དམངས་ཚོགས་དང་། རྒྱལ་ཁབ། འཛམ་གླིང་བཅས་ལ་བདེ་རྩ་སྐྲུན་པའི་བློ་སྒོ་ཕྱེ་ཡོད།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)
སྒྱུ་རྩལ་ལ་བརྟེན་ནས་འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་ཡོན་ཀྲང་དང་འཛམ་གླིང་ཟློས་གར་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི། ཝང་ཉིང་།
རིག་གནས་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་བླ་སྲོག་ཡིན་ལ། ཤེས་དཔལ་མི་འདྲ་བ་ཕན་ཚུན་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའང་ཡིན། “ཀུའུ་ལིང་གི་ལས་འབྲེལ”ལས་ཞི་བདེ་རྒྱ་མཚོ་ཆེན་པོས་ཆོད་ཀྱང་ཤེས་དཔལ་མི་འདྲ་བའི་རྒྱབ་ལྗོངས་འོག་མི་དམངས་ཀྱིས་ལྷག་བསམ་མཛའ་གྲོགས་དང་ཞི་བདེ་མཉམ་གནས་ལ་བཅངས་པའི་རེ་འདོད་ནི་ཕན་ཚུན་གཅིག་མཐུད་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། རྒྱལ་ཁབ་ཀྱི་རིག་གནས་ལས་སྟེགས་ཤིག་ཡིན་པའི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་ཐོག་མཐའ་བར་གསུམ་དུ“རོལ་དབྱངས་རྒྱལ་མཚམས་ལས་སྒྲོལ། རིག་གནས་ཀྱིས་འབྲེལ་ཟམ་སྐྲུན་པའི”ཐོག་ནས་ཀྲུང་ཨའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་གར་སྟེགས་འབྲེལ་ཐག་ཏུ་བྱས་ནས་མཉམ་ལས་གཉིས་ཕན་གྱི་གྲུབ་འབྲས་བཏོད་ཅིང་། མི་ཆོས་རིག་གནས་སྤེལ་རེས་ཀྱི་རྨང་གཞི་དེ་སྒྱུ་རྩལ་གྱི་ལག་ལེན་ཁྲོད་བརྟན་དུ་གཏོང་བ་དང་། ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཐབས་ལམ་དུ་བྱས་ནས་འདྲ་མཉམ་ངང་སྐད་ཆ་ཤོད་རེས་མཐའ་འཁྱོངས་ཀྱིས་ཀྲུང་ཨའི་སྒྱུ་རྩལ་སྒྲིག་གཞིའི་རྒྱུན་རྣམ་ཅན་གྱི་མཉམ་ལས་ལས་སྟེགས་གཏོད་པ། མཛེས་རྩལ་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ནས་གཞོན་ནུའི་ཚོགས་སྤྱིར་དམིགས་ཏེ་མཛའ་གྲོགས་ཀྱི་ས་བོན་གཞོན་ནུ་ཚོའི་སེམས་དབུས་སུ་འདེབས་པ། ཚན་རྩལ་གཞི་རྟེན་དུ་བྱས་ཏེ་བརྒྱུད་སྤེལ་གྱི་གཞི་རྟེན་གསར་གཏོད་དང་། “སྒྱུ་རྩལ་+ཚན་རྩལ”ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཨའི་དམངས་སེམས་ཤེས་རྟོགས་ཀྱི་བར་མཐོངས་ཆེན་པོ་རྒྱ་ཆེར་གཏོང་དགོས།
རོལ་དབྱངས་རྒྱལ་མཚམས་ལས་སྒྲོལ། རིག་གནས་ཀྱིས་འབྲེལ་ཟམ་སྐྲུན། རྒྱལ་ཁབ་ཟློས་གར་ཁང་ཆེན་པོས་ཀྲུང་ཨའི་རིག་གནས་སྤེལ་རེས་བྱེད་ཚད་མུ་མཐུད་ཟབ་ཏུ་བཏང་སྟེ་འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)
རྒྱལ་ཁབ་གཉིས་པོས་སྟག་འཕུར་རུ་ཁག་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
ཨ་ཀྲུང་མཁའ་སྐྱོད་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཅེ་ཧྥུའུ་ལི·ཀེ་ལིན།
ཀུའུ་ལིང་གི་གཏམ་རྒྱུད་ཀྱིས་ཡུལ་དུས་ལས་བརྒལ་ནས་ང་ཚོར་མཛའ་གྲོགས་དང་མཉམ་ལས་ཀྱི་དོན་སྙིང་བརྗོད་ཡོད་ལ། འབྱུང་འགྱུར་ལ་བཅངས་པའི་རེ་བ་བཟང་པོ་ཡང་མཚོན་ཡོད། དེ་ནི་སྟག་འཕུར་རུ་ཁག་གི་སྙིང་སྟོབས་དང་རྦད་དེ་མཐུན་པ་ཞིག་རེད། སྟག་འཕུར་རུ་ཁག་གི་གཏམ་རྒྱུད་ནི་ལོ་80ཡི་གོང་དུ་བྱུང་ཞིང་། ཨ་རིའི་འཕུར་སྐྱོད་པ་ཁག་གཅིག་ཀྲུང་གོའི་གཡུལ་སར་ཡོང་ནས་ཀྲུང་གོའི་དམག་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་ནང་ཞུགས་ཡོད་པས། ཀྲུང་གོ་མི་དམངས་ཀྱིས་ཁོང་ཚོར“སྟག་འཕུར་རུ་ཁག”ཅེས་པའི་མིང་སྙན་པོ་ཞིག་བཏགས་ཡོད་ལ་དེའི་གོ་དོན་ནི“སྟག་ལ་གཤོག་པ་ཐོགས་པ་ལྟར་རེད”ཅེས་པ་དེ་རེད།
སྟག་འཕུར་རུ་ཁག་གི་གཏམ་རྒྱུད་དང་སྙིང་སྟོབས་ལ་ལོ་རྒྱུས་ཡུན་རིང་ལྡན་པས་མི་རྣམས་ཀྱིས་དུས་ནམ་ཡང་གཅེས་འཛིན་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡོད། ཨ་ཀྲུང་མཁའ་སྐྱོད་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་འཛུགས་པའི་དམིགས་ཡུལ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་སྟག་འཕུར་རུ་ཁག་གི་ལོ་རྒྱུས་ཤུལ་བཞག་བློ་ལ་བརྟན་པོར་ངེས་པ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་ཆེད་རེད། 2022ལོར་ང་ཚོས“སྟག་འཕུར་རུ་ཁག་གི་མཛའ་གྲོགས་སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་གཙོ་འཛིན་འཆར་གཞིའི”གྲོས་འགོ་བཏོན་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་མཉམ་དུ་འཛོམས་ཏེ། གཞོན་ནུའི་མཉམ་ལས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པར་ཞུགས་ཡོད།
ང་ཚོས་ངེས་པར་དུ་ཕ་མེས་ཚོས་བཞག་པའི་རྩ་ཆེའི་ཉམས་མྱོང་བློ་ལ་བརྟན་པོར་ངེས་དགོས་པ་སྟེ། རྒྱལ་མཚམས་སྒྲོལ་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཕན་ཚུན་བརྩི་འཇོག་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ཚེ། གཞི་ནས་ལག་གདང་སྦྲེལ་ནས་མཉམ་དུ་ཞི་བདེའི་རྨང་གཞི་བརྟན་དུ་གཏོང་ཐུབ།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེས་ཞུས)