《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月09日

འཛམ་གླིང་གསའ་ཡི་ཉིན་མོ་བསུ།

སྲོག་ཆགས་གསའ་ཡི་འཚོ་གནས་བྱ་ཡུལ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་23ཉིན་ནི་འཛམ་གླིང་གི་གསའི་ཉིན་མོ་རེད། ཉེ་ཆར་གསར་འགོད་པས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2013ལོར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲོག་ཆགས་གསའ་ཡི་རིགས་ལ་ཆེད་དོན་སྲུང་སྐྱོང་ལས་དོན་སྤེལ་བ་ནས་བཟུང་། རང་རྒྱལ་གྱིས་གསའ་སྲུང་སྐྱོང་དང་དེའི་འཚོ་གནས་སླར་གསོ་ཡོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། མིག་སྔར་རང་རྒྱལ་གྱི་གསའ་ཁྱུའི་གྲངས་འབོར་དེ་2013ལོའི་ཁ་གྲངས་2500ཙམ་ནས་5000ཙམ་བར་མང་དུ་སོང་ནས་ལྡབ་འཕར་བྱུང་ཡོད།

གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་དང་གོ་ལ་ཧྲིལ་པོའི་རི་མཐོའི་སྐྱེ་ཁམས་མ་ལག་གི་རྩ་ཆེན་སྲོག་ཆགས་དང་གནས་སྟངས་མཚོན་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པར་བརྟེན“གངས་རིའི་རྒྱལ་པོ”ཞེས་བརྗོད་ཀྱི་ཡོད། དེ་ནི་མཐོ་གྲང་རི་ཁུལ་གྱི་སྐྱེ་ཁམས་མ་ལག་ཆ་ཚང་མིན་དང་། གཏན་འཇགས་ཡོད་མིན། གནོད་འཚེ་ཕོག་ཡོད་མེད་བཅས་ལ་ཞིབ་བསྡུར་བྱེད་པར་སྟོན་ཕྱོགས་རང་བཞིན་ལྡན་པའི་འགག་རྩའི་སྲོག་ཆགས་ཤིག་རེད།

རང་རྒྱལ་ནི་གོ་ལ་ཧྲིལ་པོར་གསའི་ཁྱབ་རྒྱ་ཆེ་ཤོས་དང་། ཁྱུ་ཚོགས་མང་ཤོས། འཚོ་གནས་ཀྱི་རྒྱ་ཁྱོན་ཆེ་ཤོས་བཅས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འཚོ་གནས་ཁུལ་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་208ཙམ་ཡོད་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་60%ཡན་བཟུང་ཡོད། གསའ་དེ་རང་རྒྱལ་གྱི་ཤིན་ཅང་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་ཁྱབ་ཡོད་པའི་ནང་གཙོ་བོ་ས་བབ་སྨི་3000ནས་སྨི་5000བར་གྱི་རི་མཐོའི་བྲག་དང་། མཐོ་གྲང་གི་སྤང་ལྗོངས། ཐང་རྒོད་རི་ཁུལ་བཅས་སུ་འཚོ་གནས་བྱེད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་གསའ་འཚོ་གནས་བྱ་ཡུལ་གཙོ་བོའི་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་2དང་། སྲུང་སྐྱོང་ཁུལ་གལ་ཆེན་78བཀོད་སྒྲིག་དང་འཛུགས་སྐྲུན་བྱས་ཏེ་འཚོ་གནས་བྱ་ཡུལ་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་ཟིན་པ་དག་སྲུང་སྐྱོང་ནན་པོ་བྱེད་ཁོངས་སུ་བཅུག་ནས་གསའི་འཚོ་གནས་ལ་མཐུན་རྐྱེན་འཛོམས་པའི་ས་ཆ་40%ཙམ་ལ་ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོང་ཐུབ་ཡོད། དེས་མ་ཚད་གཙོ་གནད་ཁྱབ་ཁུལ་དུ་དམར་ཕྱིའི་འོད་ཀྱི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་དྲ་བ་ཁྱོན་ཡོངས་ནས་བཙུགས་ཏེ་སྐེ་སྒོར་གྱི་སྲུང་སྐར་རྗེས་འདེད་དང་། གཅིན་སྐྱག་ལ་DNAཡི་ཆ་རྡུལ་གསལ་འབྱེད། ཁྱབ་རྒྱ་ཆེན་པོས་ཁྱུ་ཚོགས་ལ་ཚོད་སྐོར་སོགས་ཀྱི་ལག་རྩལ་བྱ་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་གསའི་ཁྱུ་ཚོགས་དང་། གསའ་ཚང་ཉེ་འཁོར་གྱི་འགུལ་སྐྱོད། སྐྱེ་འཕེལ་འཁྲིག་སྤྱོད་བཅས་ཀྱི་བྱ་འགུལ་གནད་ལ་འཁེལ་པོས་ལྟ་ཞིབ་ཚད་ལེན་ཐུབ་ཡོད།

སྲོག་ཆགས་གསའ་ཡི་འཚོ་གནས་བྱ་ཡུལ་ལ་དུས་ཡུན་རིང་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ཡིན། གོམ་སྟབས་རྗེས་མར། འབྲེལ་ཡོད་སྡེ་ཚན་གྱིས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་གསའ་སྲུང་སྐྱོང་གི་བར་མཐོངས་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། འཚོ་གནས་ཁུལ་སླར་གསོ་དང་། ཁྱུ་ཚོགས་ཀྱི་རིགས་རྒྱུད་སྣ་ཚོགས་སྲུང་སྐྱོང་། མི་དང་གཅན་གཟན་དབར་གྱི་གནོད་འཚེ་སྔོན་འགོག་དང་མཉམ་གནས་ཀྱི་བཅོས་སྐྱོང་བྱེད་ལམ་ཚགས་ཚུད་ཡོང་བར་ཤུགས་བརྒྱབ་སྟེ་གསའི་འཕེལ་ཁ་རྒྱས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས། རི་མཐོའི་གངས་ལྗོངས་ཀྱི་སྐྱེ་ཁམས་སྲུང་བཅད་བདག་སྐྱོང་ཡག་པོ་བྱས་ཏེ་མཐོ་གྲང་རི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པད་ཆོས་དང་པ་ཚེས་ཞུས)