འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཚོང་དོན་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། འཁོར་རྒྱུག་ཤར་བགྲོད་བཅས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་666.13ཟིན་པ་དང་རླངས་འཁོར་གྱི་རྒྱུ་རྐྱེན་ཕུད་པའི་འཛད་རྫས་དུས་མཚུངས་ལས་3.1%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་124.90ཟིན་པ་དེ་དུས་མཚུངས་ལས་32.8%འཕར་ཡོད་པ་རེད།
དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་བཏོན་ནས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་དོན་འཁྱོལ་བྱས་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་ཐེངས་400ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བྱ་དགའ་ཡོད་པའི་འཛིན་ཤོག་སྤྲོད་པའི་ཚོད་ལྟ་གོ་རིམ་ལྡན་པའི་ངང་བྱས་པ་རེད། “མཚོ་སྔོན་གྱི་ཅ་དངོས་ཡག་པོ”དང“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་ཞིང་ཆེན་རིམ་པའི་སྤྱི་པའི་སྤུས་རྟགས་སྟོབས་ཆེར་བཏང་བ་དང་བཟའ་བཏུང་འཛད་སྤྱོད་འཛིན་ཤོག་སྤྲད་པས་མངའ་ཁོངས་ནས་བྲལ་བའི་ཁྲལ་སློག་ལས་སྒོ་གཅིག་ཀྱང་མེད་པར་ཚད་བརྒལ་མངོན་འགྱུར་བྱུང་ཡོད། འཛད་སྤྱོད“གསར་གསུམ”དང་། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་ཚོད་ལྟ་བྱེད་གནས་གཉིས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟར་སྐུལ་འདེད་ཏན་ཏིག་བཏང་བ་དང་། བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་110གསར་དུ་འཕར་ནས། དུས་མཚམས་རང་བཞིན་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད་པ་རེད།
《མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང་བཏོན་དོན། ཞིང་ཆེན་དེ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་1300ལྷག་ཙམ་དང་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་། དྲ་ཐོག་སིལ་འཚོང་ཁེ་ལས་2500དང་དྲ་ཐོག་ཚོང་ཁང་ཁྲི་8ཡན་སྐྱེད་སྲིང་བྱ་རྒྱུ། རིམ་རྩིས་བརྒྱབ་ན་དམངས་ཕན་འཚོ་བའི་ཁུལ་180ལས་མི་ཉུང་བ་བསྐྲུན་རྒྱུ། ཚད་ཐོག་ཚོང་དོན་ཁེ་ལས་300ཡན་དང་བཟོ་ཚོང་གཞི་གཅིག་ཅན་གྱི་ཁེ་ལས་20ཡན་གསར་འཕར་ཡོང་བ་བྱ་རྒྱུ། ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཚོམས་དང་ཟི་ལིང་ནས་མཚོ་ཤར་བར་གྱི་གྲོང་ཚོམས་ཚོང་དོན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཤར་ནུབ་རྒྱུད་ཀྱི་ཚོང་དོན་མཉམ་ལས་ཏན་ཏིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་དང་དམངས་ཕན་ནུས་ཆེའི་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་བསྐྲུན་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།