མིག་སྔར་ཀྲུང་གོའི་འཕར་མགྱོགས་ཤོས་ཀྱི་བཟོ་ལས་ཐོན་རྫས་གྲས་ཀྱི་གཅིག་ནི་དགའ་པོ་བྱེད་མཁན་ལ་ཕྱོགས་པའི་3Dཔར་འདེབས་འཕྲུལ་ཆས་དཀྱུས་མ་རེད། 3Dཔར་འདེབས་་འཕྲུལ་ཆས་ནི་དེ་སྔ་ཚན་རྩལ་གྲངས་འཛིན་ལ་དགའ་མཁན་ཚོའི་ཅ་དངོས་ངོ་མཚར་ཅན་ཞིག་ཡིན་ལ། ད་ཆ་ཀྲུང་གོའི་གྲུབ་འབྲས་ཆེ་ཤོས་ཀྱི་འཛད་སྤྱོད་གློག་རྡུལ་ཐོན་རྫས་ཀྱི་གྲས་སུ་རིམ་བཞིན་གྱུར་ཡོད། ད་ལོའི་ལོ་སྟོད་དུ། སྒྲིག་ཆས་དེ་རིགས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་90%འཕར་ཞིང་། འདས་ཟིན་པའི་ལོ་10ཡི་རིང་། གོ་ལ་ཧྲིལ་པོའི་ཁྲོམ་རར་ཀྲུང་གོའི་འཛད་སྤྱོད་རིམ་པའི་3Dཔར་འདེབས་འཕྲུལ་ཆས་ཀྱི་ཐོབ་སྐལ་19%ནས་96%བར་ཆེས་ཆེར་འཕར་ནས་ནུབ་ཕྱོགས་ཁེ་ལས་ཀྱི་གཙོ་ཁྲིད་གནས་བབ་མཇུག་འགྲིལ་བ་རེད།
ཁྲོམ་རའི་ཞིབ་འཇུག་སྒྲིག་གཞི་དབྱིན་ཇིའི“ལྗོངས་རྣམ”འཛམ་གླིང་ཚོགས་པའི་ཁེ་ལི་སི·ཁང་ནཱ་ལི་ཡིས། མི་སྒེར་གྱི་3Dཔར་འདེབས་འཕྲུལ་ཆས་ཀྱི་ཁྲོམ་ར་ད་ཆ་ཧྲེན་ཀྲེན་གྱི་ཁྲོང་ཞང་སན་ཝའེ་དང་། ཙུང་ཝའེ་ལི་ཧྥང་། ཨེ་ལེ་ཁུའུ་དང་དེ་བཞིན་ལས་རིགས་ཀྱི་སྣེ་འདྲེན་ཐུའོ་ཀྲུའུ་ཚན་རྩལ་གྱིས་བཟུང་ཡོད། ཀྲུང་གོ་སྲིད་གཞུང་གིས་3Dཔར་འདེབས་ཐོན་ལས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་ལས་རིགས་རྒྱལ་ཁབ་ཀྱི་ཐོན་ལས་འཆར་འགོད་ནང་བཅུག་པའི་དམིགས་ཡུལ་ནི་རྩེར་སོན་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ནང་གི་ཀྲུང་གོའི་སྟོབས་ཤུགས་དང་རང་བརྟེན་ཚོད་འཛིན་ཐུབ་པར་འགན་ལེན་བྱ་རྒྱུ་དེ་རེད་ཅེས་བརྗོད་ཡོད།
—— དབྱིན་ཇིའི《དཔལ་འབྱོར་རིག་པ་སྨྲ་བ》གཟའ་འཁོར་དུས་དེབ་དྲ་ཚིགས་ཀྱི་རྩོམ་ཡིག་གཞིར་བཟུང་།