ཉེ་ཆར། ཀྲུང་གོ་སྲིད་གཞུང་གི་ཨ་ཧྥེ་རི་ཁའི་ལས་དོན་དམིགས་བསལ་འཐུས་མི་ལིའུ་ཤན་ཧྥ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ད་ལོ་ནི་ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཏུ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཡང་ད་ལོ་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་འཚམས་འདྲིར་ཕེབས་ཡོད། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་དར་རྒྱས་ཡོང་བར་ཚད་ཤིང་འཛུགས་པ་དང་། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་མཁོ་འདོན་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་མིག་དཔེ་གསར་པ་འདོན་པ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དཔེ་སྟོན་དུ་གྱུར་ཡོད”ཅེས་བརྗོད།
ཀྲུང་ཧྥེ་ནི་ག་དུས་ཡིན་རུང་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ཞིང་། 1956ལོར་ཀྲུང་གོ་གསར་པ་དང་ཨེ་ཅིབ་དབར་ཕྱི་འབྲེལ་བཙུགས་ནས་ཀྲུང་ཧྥེའི་དེང་རབས་མཛའ་མཐུན་འགྲོ་འོང་དང་། དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ། འཕེལ་རྒྱས་མཉམ་གཉེར་བཅས་ཀྱི་ལེའུ་གསར་པའི་འགོ་བརྩམས་པ་དང་། 1971ལོར་ཀྲུང་གོ་གསར་པ་དེ་ཉིད་སྤུན་ཟླ་ཨ་ཧྥེ་རི་ཁའི་རྒྱབ་སྐྱོར་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་བ། 1974ལོར་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙན་པི་ཡའི་ཙུང་ཐུང་ཁཱ་ཝུང་ཏཱ་མཇལ་འཛོམས་གནང་སྐབས“འཛམ་གླིང་གསུམ”གྱི་རིགས་པའི་གཞུང་ལུགས་ཐེངས་དང་པོ་བཏོན་གནང་སྟེ། ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད། ལིའུ་ཤན་ཧྥ་ཡིས“དུས་རབས་གསར་པར། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་ཁྲིད་སྟོན་གནང་བ་བརྒྱུད། ཀྲུང་ཧྥེའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་རྒྱལ་ཁབ་ཚང་མའི་ཕྱོགས་གཉིས་འབྲེལ་བ་དེ་འཐབ་ཇུས་འབྲེལ་བའི་མཐོ་ཚད་དུ་སླེབས་པ། ཀྲུང་ཧྥེའི་འབྲེལ་བའི་སྤྱི་ཡོངས་ཀྱི་ངེས་གནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པའི་བར་མཐོ་རུ་ཕྱིན་ཡོད། ཀྲུང་ཧྥེའི་འབྲེལ་བའི་འོད་སྟོང་འབར་བའི་ལོ་70ཡི་གྲུབ་འབྲས་ལས། ང་ཚོར་བློ་སྒོ་ཁག་བཞི་ཕྱེ་བ་སྟེ། གཅིག་ནི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། འདི་ནི་ཀྲུང་ཧྥེའི་འབྲེལ་བར་རྒྱུན་སྲིང་ལག་བསྟར་བྱེད་པའི་མངོན་གསལ་དོད་པའི་རྩ་བའི་རྨང་གཞི་ཞིག་ཡིན་ལ། ཕྱོགས་གཉིས་པོའི་མཛའ་གྲོགས་རྒྱུན་རིང་གནས་པའི་འགག་རྩ་ཡང་ཡིན། གཉིས་ནི་གཉིས་ཕན་གཉིས་ཁེ་མཐའ་འཁྱོངས་བྱེད་དགོས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དང་གོ་ལ་ཧྲིལ་པོ་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པར་སྣེ་ཁྲིད་བྱེད་པའི‘གསེར་གྱི་མིང་བྱང’དུ་གྱུར་ཡོད། གསུམ་ནི་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་ཧྥེའི་མཉམ་ལས་དམངས་ཁྲོད་དུ་རྩ་བ་ཚུགས་ཤིང་དམངས་ལ་ཕན་པ་འདོགས་ཀྱི་ཡོད། ཞིང་ལས་དང་། དབུལ་པོ་ཉུང་གཏོང་། སྨན་བཅོས། ལས་རིགས་སློབ་གསོ་སོགས‘ཆུང་ལ་མཛེས་པའི’རྣམ་གྲངས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཡོད། བཞི་ནི་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱེད་དགོས། སྔོན་ཆད་ཀྲུང་གོའི་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མཉམ་དུ་ཟིལ་རླབས་དགུང་འཕྱུར་གྱི་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ད་ཆ་ཕྱོགས་གཉིས་པོས་དུས་རབས་གསར་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་མཉམ་དུ་དོན་འཁྱོལ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད”ཅེས་བརྗོད།
ད་ལོའི་ཟླ་5ཚེས་1ཉིན། ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད། ལིའུ་ཤན་ཧྥ་ཡིས“འདི་ནི་ཀྲུང་གོས་ཨ་ཧྥེ་རི་ཁར་ལྷག་བསམ་ཟོལ་མེད་ཀྱིས་འཛིན་པའི་སྲིད་ཇུས་ཀྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་གསར་ཤོས་ཤིག་ཡིན་པ་དང་། ཀྲུང་ཧྥེའི་འབྲེལ་བ་དང་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། དེ་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་རེད། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་གཙོ་བོའི་ཁྲོད་ཐོག་མར་ཨ་ཧྥེ་རི་ཁར་སྒོ་ཁྲལ་མེད་པའི་བྱེད་ཐབས་ལག་ལེན་བསྟར་བ་དེ་ཐོག་ནས། སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་དང་ཀུན་ཕན་བསྟུན་མཁས་དར་སྤེལ་གྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལངས་ཕྱོགས་བརྟན་པོ་མངོན་པ་དང་། རང་ཚུགས་གཞན་སྐྱོང་གི་འཛམ་གླིང་གི་བརྩེ་སེམས་མཚོན་པས། དེ་དང་འཛམ་གླིང་ཐོག་བསྐྱར་དུ་ལངས་པའི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་གྱི་མཐོ་དམན་འཕྲལ་དུ་འབྱེད་ཐུབ། སྒོ་ཁྲལ་མེད་པའི་བྱེད་ཐབས་ཀྱིས་ཨ་ཧྥེ་རི་ཁ་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱས་པ་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་སྤྲོད་འཁོར་འབྲེལ་སྣུར་སྲིང་ལའང་སྒུལ་ཤུགས་གལ་ཆེན་བསྣན་ཡོད”ཅེས་ནན་བཤད་གནང་བ་རེད།
སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྗེས་ཟླ་9པའི་ཟླ་མཇུག་བར། ཀྲུང་གོས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་23.3%འཕར་བ་དང་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་23.9%འཕར་ནས་དགེ་མཚན་ལྡན་པའི་ནུས་པ་རྒྱུན་ཆད་མེད་པར་ཐོན་ཡོད།
ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་གཏན་འཁེལ་གནང་བའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”རེད། མིག་སྔའི་བར། སྤེལ་རེས་ལོའི་བྱེད་སྒོ་ཐེངས་800ཙམ་བདེ་བླག་ངང་གཉེར་ནས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་རྒྱལ་ཁབ་53དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ཡོངས་ལ་ཁྱབ་ཡོད།
མིག་སྔའི་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཡང་ཡང་ཐོན་བཞིན་ཡོད། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཛ་དྲག་པའི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལོ་70ཡི་མཉམ་ལས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ནས་བློ་གྲོས་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ། ལྟ་རེས་སྐྱོང་རེས་དང་མཐུན་སྒྲིལ་རང་འབད་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཀྲུང་ཧྥེའི་ཇུས་གཞི་བཏོན་པ་དང་ཀྲུང་ཧྥེའི་སྟོབས་ཤུགས་སྐྱེས་སུ་འབུལ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ལིའུ་ཤན་ཧྥ་ཡིས། ཀྲུང་ཧྥེ་ཕྱོགས་གཉིས་པོས་ཀྲུང་ཧྥེའི་འབྲེལ་བའི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཏན་ཏིག་བྱེད་པ། 2027ལོའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཡག་པོ་འཚོག་པ་བཅས་བྱས་ནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
(ཕུར་སྒྲོན་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)