《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年10月30日

མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་ཁྲ་ཧན་ཝུའུ་སུའུ་གྲོང་རྡལ་ཧྲང་ཐན་ཏུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོའུ་ཀྲེང་ཡོན་གྱིས་བརྗོད་དོན།

“དོན་དག་དངོས་གནས་འགྲུབ་ཐུབ་པས་སེམས་ནང་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཆེན་པོ་བྱུང”

འདི་ནི་ཧོའུ་ཀྲེང་ཡོན(གཡས་ཀྱི་དང་པོ)དུད་ཚང་དུ་བསྐྱོད་དེ་དབུལ་ལོག་རེ་ཞུའི་སྲིད་ཇུས་ཀྱི“གསལ་ཤེས་གཱ”ངོ་སྤྲོད་བྱེད་བཞིན་པ།

【མི་སྣའི་ཡིག་ཚགས】 ཧོའུ་ཀྲེང་ཡོན། 2026ལོའི་ཟླ་དང་པོ་ནས་བཟུང་ཧྲང་ཐན་ཏུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར།

2024ལོར་སློབ་གྲྭ་ཐོན་སྐབས། གསོ་རིག་སྦྱངས་པའི་ང་རང་མ་གཞི་ས་ཆ་གཞན་གྱི་སྨན་བཅོས་ཁང་ཞིག་ཏུ་ལས་ཀ་བཙལ་ཡང་། ཕའི་གཟུགས་པོ་ཐང་པོ་མེད་པའི་ཁར། ཀྲི་པུའུ་ཡི་ཧྲུའུ་ཅི་རྒན་གྲས་ཀྱིས་ང་སློབ་ཆེན་ཐོན་པ་ཤེས་རྗེས་ཁ་པར་བརྒྱབ་ནས་གྲོང་ཚོར་རོགས་རམ་བྱེད་པར་ཡོང་དགོས་པའི་རེ་བ་བཏོན་པས། བསམ་བློ་ཞིབ་མོ་བཏང་རྗེས་ང་རང་ཕ་ཡུལ་དུ་ལོག་པ་ཡིན།

ཆ་རྒྱུས་ཆེ་བའི་ས་ཆ་འདིར་སེམས་ནང་བརྗོད་མི་ཤེས་པའི་ཚོར་བ་ཞིག་ཡོང་གི་འདུག གྲོང་ཚོ་ཨུ་ལྷན་དུ་བསྡད་པའི་ལོ་གཅིག་ནང་ངས་འབད་བརྩོན་ཆེན་པོས་མང་ཙམ་སྦྱོང་བ་དང་། མང་ཙམ་ལྟ་བ། མང་ཙམ་འདྲི་བ་བཅས་བྱས་པ་དང་། ཡུལ་མི་སྤུན་ཟླ་ཚོ་དང་ཡང་རིམ་བཞིན་འདྲིས་ཐུབ་པ་བྱུང་།

ད་ལོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འདེམས་སྐབས། མི་380ལྷག་ཙམ་གྱིས་འདེམས་ཤོག་འཕངས་པར་ང་ལ་འདེམས་ཤོག་ཕྱེད་ཀ་རག་བྱུང་། 00ནང་སྐྱེས་ནི་ཚང་མའི་མིག་ནང་དུ་ཕྲུ་གུ་རང་ཞིག་ཡིན་པས། གང་འདྲ་བྱས་ནས་ཚང་མའི་སྣེ་ཁྲིད་དེ་བྱ་བ་ཡག་པོ་བསྒྲུབ་ཐུབ་མིན་གྱི་ཐེ་ཚོམ་བྱུང་། ཀྲི་པུའུ་ཡི་ཧྲུའུ་ཅི་རྒན་གྲས་ཀྱིས་ངའི་སོམ་ཉི་བསལ་བ་སྟེ། “གྲོང་ཚོའི་ནང་གང་ལྟར་གཞོན་ནུ་ཚོས་འགན་འཁུར་དགོས”ཞེས་བརྗོད་པ་དང་། ཁོང་གིས་ལས་འགན་ཡོངས་སུ་ང་ལ་རྩིས་སྤྲད་པ་མ་ཡིན་པར་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་ཏུ་བསྡད་ནས་ང་ལ་སྣེ་ཁྲིད་བྱས་བྱུང་།

ཚང་མའི་ཁས་ལེན་ཐོབ་དགོས་ན་ཐབས་གཞན་གང་ཡང་མེད། འགག་རྩ་ནི་ལྷག་བསམ་རྣམ་དག་བྱ་རྒྱུར་ཐུག་ཡོད། འགན་འཁུར་མ་ཐག་ངས་ཁྱིམ་ཚང་རེ་རེའི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཞིག་ཡོད་པ་དེའི་ཁྱིམ་བདག་གི་རྐང་པ་ཐང་པོ་མེད་པ་མ་ཟད་གཟིགས་སྐྱོང་སྲིད་ཇུས་རེ་ཞུའི་བརྒྱུད་རིམ་ཡང་ཤེས་ཀྱི་མིན་འདུག་པས། ངས་ཁོང་གི་ཚབ་བྱས་ཏེ་རེ་ཞུ་བྱས་པ་ཡིན། ཕྱིས་སུ་ཁྱིམ་བདག་དེས“ཀྲེང་ཡོན་ནི་ཕྲུ་གུ་ཡག་པོ་ཞིག་རེད”ཅེས་ཤོད་ཀྱི་འདུག ཡུལ་མི་ལ་ལས་ལམ་སྒྲོན་རྟག་པར་གསལ་གྱི་མིན་འདུག་ཟེར་གྱི་འདུག་པས། ངས་ད་ལོའི“དམངས་ཆེད་བྱ་བ་དངོས་སྒྲུབ་པའི”གོ་སྐབས་དང་ཟུང་འབྲེལ་བྱས་ཏེ་ལམ་སྒྲོན་བརྗེ་པོ་རྒྱག་པའི་རེ་བ་ཞུས་པ་ཡིན། ད་དུང་ཡུལ་མི་ཚོས་གྲོང་ཚོའི་ས་འོག་ཆུ་འགྲོའི་དོང་ཁེབས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་འདུག་ཅེས་བརྗོད་ཀྱི་འདུག ང་དང་གྲོང་སྡོད་རོགས་སྐྱོར་ལས་དོན་རུ་ཁག་གིས་མཉམ་དུ་མ་དངུལ་བརྩོན་ལེན་བྱས་ནས་ས་འོག་ཆུ་འགྲོའི་དོང་ཁེབས་གསར་པ་15བརྗེས་པ་ཡིན།

དོན་ཆུང་རེ་རེ་ལས་ཐོབ་པའི་གྲུབ་འབྲས་ནི་ཡིད་ཆེས་ཐོབ་པ་དེ་རེད། ཡུལ་མིའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་ཇི་ལྟར་བྱེད་དགོས་མིན་ཐད་ངས་བསམ་གཞིག་བྱེད་མྱོང་། ང་ཚོའི་གྲོང་ཚོ་རྒྱལ་ལམ་109ཡི་འགྲམ་དུ་གནས་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་བས་དེ་སྔ་གྲོང་ཚོའི་མཉམ་སྡེབ་ཀྱིས་ཞབས་ཞུ་ཁུལ་བསྐྲུན་ནས“རྒྱལ་ལམ་དཔལ་འབྱོར”འཕེལ་རྒྱས་བཏང་བ་རེད། ངས་གྲོང་ཚོ་ཨུ་ལྷན་ལ་གློག་སྡོང་འཛུགས་སྐྲུན་དང་། “ཁ་ལོ་བའི་ཁྱིམ་གཞིས”ཀྱི་ཆུ་མཁོ་འདོན་ཞབས་ཞུ་སོགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་ལ་གྲོས་འགོ་བཏོན་པ་ཡིན་པས་ཚང་མས་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག

ཕྱིས་སུ་ང་ལ་བསམ་ཚུལ་འདི་འདྲ་ཞིག་བྱུང་བ་སྟེ་ཚོང་འདུས་ཤིག་གཉེར་ན་ཇི་འདྲ་ཡོང་ངམ། འཛད་སྤྱོད་ལ་སྐུལ་འདེད་ཐེབས་པ་དང་འཚོ་བའང་ཕུན་སུམ་ཚོགས་སུ་འགྲོ་ཐུབ་པ་མ་ཟད། ད་དུང་གྲོང་ཚོའི་ཐང་ཆེན་ཡང་བེད་སྤྱོད་ཐུབ་ཀྱི་རེད་སྙམས་བྱུང་།

ངས་བསམ་ཚུལ་དེ་ཤོད་སྐབས་ཡུལ་མི་མི་ཉུང་བ་ཞིག་གིས་དེར་མོས་མཐུན་བྱས་ཀྱང་། ངོ་རྒོལ་བྱེད་མཁན་ཡང་ཡོད་དེ“དུར་ལམ་རྫོང་ལ་ཁྱོན་བསྡོམས་མི་གྲངས་ཁྲི་6ལྷག་ཙམ་ལས་མེད་པས། མ་རྩ་རྡིབ་པའི་ཚོང་འདུས་དེ་གཉེར་དགོས་དོན་མིན་འདུག”ཅེས་ཤོད་མཁན་ཡོད། མཚོ་སྐྱོར་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་མཐར་ཚོད་ལྟ་ཞིག་བྱ་རྒྱུའི་ཐག་བཅད། ངས་ཉེ་འཁོར་གྱི་གྲོང་ཚོར་འཁྲབ་སྟོན་གདན་ཞུ་དང་། རེ་རེ་བཞིན་ལ་ཁ་པར་བརྒྱབ་ནས་ཚོང་འགུགས་བྱས་པ་ཡིན།

དོན་དག་དངོས་གནས་འགྲུབ་ཐུབ་པས། སེམས་ནང་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཆེན་པོ་བྱུང་། “མཚན་མོའི་ཚོང་འདུས”འགོ་ཚུགས་པའི་དགོང་མོ་དེར་གྲོང་ཚོ་ཚང་མ་ནས་མཚོ་སྔོན་གྱི་མེ་ཏོག་ཞེས་པ་འཁྲབ་སྟོན་དང་། སྒོར་གཞས་འཁྲབ་པ། སེང་རྩེད་རྩེ་བ་སོགས་བྱེད་པར་ཡོང་ཡོད། ཁྲོམ་བཀྱག་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། སྦི་རག་དང་། བསྲེགས་ཟས། གྲང་ཐུག ལ་ཕིང་སོགས་ལ་དགའ་པོ་བྱེད་མཁན་མང་། ཆེད་མངགས་ཀན་སུའུ་ནས་ཁྲོམ་སྟོན་པར་ཡོང་མཁན་ཡང་འདུག ཟླ་དེར་ཧྲང་ཐན་ཏུང་དུ་མི་ཁྲི་1.5སླེབས་ནས་འཛད་སྤྱོད་སྒོར་ཁྲི་20ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། མི་མང་པོ་ཞིག་གིས་ནུབ་བྱང་ས་མཐོའི་གྲོང་ཚོ་ཆུང་ཆུང་དེར་འཁྲུག་ཆ་དོད་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་ཞེས་བརྗོད་ཀྱི་འདུག

ཚང་མས“ཕོ་གཞོན་ང”ལ་ཁས་ལེན་བྱེད་ཚད་རིམ་གྱིས་ཆེ་རུ་འགྲོ་བཞིན་ཡོད། འདི་ནི་འགོ་རྩོམ་པ་ཙམ་ཡིན་པ་ངའི་སེམས་སུ་གསལ་པོ་ཤེས་ཀྱི་ཡོད། ང་ཚོའི་གྲོང་ཚོ་ནི་ཞིང་ལས་ཀྱི་གྲོང་ཚོ་ཞིག་ཡིན་པས་ཐོན་ལས་བྱེད་སྟངས་ནི་ལྟོས་བཅས་ཀྱི་སྟབས་བདེ་པོ་ཞིག་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོའི་མདུན་དུ་ལྷགས་པའི་ཞིབ་འཇུག་བྱ་གཞི་དེ་བས་ཆེ་བ་ཞིག་རེད། ཕོ་གཞོན་དེ་ན་སོ་དར་ལ་བབས་སྐབས། ཧྲང་ཐན་ཏུང་གྲོང་ཚོ་འདི་ཉིད་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ངེས་རེད།

(པ་ཕན་གྱིས་བསྒྱུར། ཉི་དོན་དང་པ་ཕན་གྱིས་ཞུས)