《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月21日

མཐུན་རྐྱེན་སྣ་ཚོགས་སྦྱར་བས་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཇེ་མགྱོགས་སུ་ཕྱིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཧྲུའོ། སུན་ལུང་ཧྥེ།

སྟོན་གྱི་འབྲས་བཟང་སྨིན་པའི་དུས་སུ། ལུས་རྩལ་ལུས་སྦྱོང་གི་རྣམ་པས་གྲོང་ཁྱེར་དང་གྲོང་གསེབ་ལ་གསོན་ཤུགས་གསར་པ་སྦྱིན་པ་དང་ས་གནས་ཁག་ཏུ“གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་མཉམ་འགྲན”དང“གྲོང་གསེབ་ཀྱི་རིམ་འདས་རིམ་མཚུངས་མཉམ་འགྲན”ཚ་ཚ་འུར་འུར་སྤེལ་བས། ལུས་རྩལ་འཛད་སྤྱོད་བྱེད་ཚད་མང་དུ་རྒྱུན་མཐུད་ཕྱིན་ཡོད། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སུ་རང་རྒྱལ་གྱི་ལུས་རྩལ་པས་འགྲན་རྩོད་འཁྲུག་པོ་བྱེད་བཞིན་ཡོད་པ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་དུས་རབས་གསར་པའི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་རིམ་བཞིན་མངོན་བཞིན་མཆིས།

“ལུས་རྩལ་གྱིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བའི་ཕུགས་འདུན་མངོན་གྱི་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་རེད”ཅེས་གསུངས་པ་རེད།

“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད། ད་ལོའི་ཟླ་7པར། 《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》དང《དམངས་ཡོངས་ལུས་སྦྱོང་འཆར་གཞི་(2026——2030)》ཁྱབ་བསྒྲགས་བྱས་པ་རེད། དེའི་ནང《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཀྱིས་འགོ་འཛུགས་ལོར་གཞི་ཚུགས་ནས་དམིགས་ཚད་ཆེན་པོ་ལྔ་ཁ་གསལ་བཏོན་པ་སྟེ། 2030ལོར་སླེབས་སྐབས། རང་རྒྱལ་གྱི་མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་4ཙམ་ཟིན་རྒྱུ་དང་། རྟག་ཏུ་ལུས་རྩལ་སྦྱོང་བརྡར་ལ་ཞུགས་མཁན་མི་གྲངས་ཀྱི་བསྡུར་ཚད་40%ཙམ་ཟིན་རྒྱུ། རྒྱལ་དམངས་ཀྱི་གཟུགས་གཞི་ཐང་ཚད་31.1%བར་མཐོ་རུ་འགྲོ་རྒྱུ། འཛམ་གླིང་གི་ཨང་དང་པོ་ཐོབ་ཚད་མདུན་གྲལ་དུ་སླེབས་རྒྱུ། ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་7ལས་བརྒལ་རྒྱུ་བཅས་རེད།

དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་ནས་བདེ་ཐང་ཀྲུང་གོར་ལུས་རྩལ་གྱི་རྨང་གཞི་བརྟན་དུ་བཏང་བ།

“ང་ཉིན་ལྟར་རྒན་རབས་ལུས་སྦྱོང་ཁང་དུ་ལུས་སྦྱོང་བྱེད་པར་ཡོང་གི་ཡོད་པས་གཟུགས་པོ་ཐང་ཐག་ཆོད་ཡིན་ལ། འཚོ་བ་དེ་བས་ཕུན་སུམ་ཚོགས་པོ་སྐྱེལ་རྒྱུ་འདུག”ལོ་70ལ་སླེབས་པའི་ཧྲང་ཧའེ་ཡི་གྲོང་མི་སུའུ་ཅུན་ཤིང་དེ་སྔ་ཧྲང་ཧའེ་ཞི་བདེ་སྤྱི་གླིང་གི་མཐོངས་ཡངས་ལུས་སྦྱོང་ཁང་དུ་རྟག་ཏུ་ཡོང་གི་ཡོད།

ཧྲང་ཧའེ་ཡི་སྡེ་ཁུལ་ཁག་ཏུ་རྒན་རབས་ལུས་སྦྱོང་ཁང་བཙུགས་པ་དང་བསྟུན་ནས་རྒན་རྒོན་ཚོ་སྒོ་འགྲམ་དུ་ལུས་སྦྱོང་བྱེད་ཐུབ་ནས་སྟབས་བདེ་ཆེན་པོ་བྱུང་ཡོད། “ཟུངས་ནུས་ཚད་ལེན་ཚོད་ལྟ་དང་། ཚན་རིག་དང་མཐུན་པའི་མཛུབ་ཁྲིད། ལུས་སྦྱོང་བྱས་ནས་གཅོང་ནད་སྔོན་འགོག་བྱེད་པ། བདེ་ཐང་ཚན་རིག་ཁྱབ་གདལ་དང་བག་ཕེབས་ཀྱི་སྤྱི་ཚོགས་འབྲེལ་བ་སོགས་ཀྱི་ཞབས་ཞུ་ཆ་ཚང་པོ་ཡོད་པས། རྒན་རྒོན་ཚོ་སྦྱོང་བརྡར་བྱེད་ཕོད་པ་དང་། སྦྱོང་བརྡར་བྱེད་ཤེས་པ། སྦྱོང་བརྡར་བྱེད་འདོད་པ་བཅས་བྱུང་ཡོད”ཅེས་སྤྲོ་སྣང་ཚེ་སྲིང་རྒན་རབས་ལུས་སྦྱོང་ཁང་གཏོད་མཁན་ཝང་ཧའེ་ལུང་གིས་ངོ་སྤྲོད་བྱས། 2026ལོའི་ཟླ་8པའི་བར། ཧྲང་ཧའེ་ཡིས་རིམ་རྩིས་བརྒྱབ་ན་ལུས་སྦྱོང་ཁང་200ལྷག་ཙམ་བསྐྲུན་པ་དང་། རྒྱལ་ཡོངས་སུ་ལུས་སྦྱོང་ཁང་300ལྷག་ཙམ་བསྐྲུན་པ། མི་ཐེངས་ཁྲི་10ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

ལུས་སྦྱོང་ར་བ་དེ་བས་ཀུན་ཕན་དང་། ལུས་རྩལ་གྱི་མཛུབ་ཁྲིད་དེ་བས་ཆེད་ལས། མང་ཚོགས་ཀྱི་འགྲན་བསྡུར་སྔར་བས་མང་ཚོགས་དང་ཉེ་བཅར་དགོས། “ཁྱིམ་གྱི་སྒོ་དོན་མ་ཐག་ཞིང་ཆེན་རིམ་པའི་འགྲན་བསྡུར་ནང་ཞུགས་ཆོག་གི་འདུག” ཅེས་ཧུའུ་པེ་ཞིང་ཆེན་སུའེ་ཀྲོའུ་གྲོང་ཁྱེར་ཙེང་ཏུའུ་ཆུས་ཡུན་ཧྲུའེ་ཁྲོམ་གཞུང་གི་གྲོང་མི་ཅང་མིང་གིས་བཤད། ཧུའུ་པེ་ཞིང་ཆེན་གྱིས་2024ལོ་ཚུན་དུ་གཞི་རིམ་མང་ཚོགས་ཀྱི་ལུས་སྦྱོང་དགོས་མཁོར་གཞི་ཚུགས་ནས“གྲོང་རྡལ་བརྒྱ་དང་གྲོང་ཚོ་སྟོང”དང“ཁྲོམ་གཞུང་བརྒྱ་དང་སྲང་ལམ་སྟོང”གི་དམངས་ཡོངས་ལུས་སྦྱོང་རིམ་སྤེལ་འགྲན་བསྡུར་བྱེད་སྒོ་གསར་གཏོད་བྱས་ཏེ། ས་ཚིགས་རེར་ལུས་རྩལ་འགྲན་ཚོགས་ཐེངས་1དང་། གྲོང་ཚོ་སྐོར་བའི་བདེ་ཐང་རྒྱུག་ཤར་འགྲན་བསྡུར་རམ་ཡང་ན་སྡེ་ཁུལ་གྱི་སློབ་ཚན་ཐེངས་1 ཨང་དང་པོ་ལེན་མཁན་གྱིས་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་ཐེངས་3 ཁྱིམ་ཚང་ཁྲི་ལ་ཕན་པའི་ཟུངས་ནུས་ཚད་ལེན་ཚོད་ལྟ་ཐེངས་1བཅས་སྤེལ་བ་རེད། 2026ལོའི་ཟླ་9ཚེས་9ཉིན་བར། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ས་ཚིགས་76ཏུ་འགྲན་བསྡུར་བྱེད་སྒོ་ཐེངས་1016སྤེལ་ནས། གྲོང་གསེབ་ཀྱི་སྡེ་ཁུལ་1900ལྷག་ཙམ་དང་མང་ཚོགས་ཁྲི་19ཐད་ཀར་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ཁྲི་150ཡིས་ས་ཡུལ་དངོས་ནས་འགྲན་བསྡུར་ལ་བལྟས་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

རང་འགུལ་ངང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱས་ཏེ་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ན་ནིང་སྐད་གྲགས་ཤིན་ཏུ་ཆེ་བའི“ཅང་སུའུ་ཡི་རྐང་རྩེད་སྤོ་ལོའི་མཉམ་འགྲན”ལ་ད་ལོ་སླར་ཡང་བྱ་ཐབས་གསར་པ་སྤྱད་ཡོད་པ་སྟེ། འགྲན་བསྡུར་བྱེད་རིང་ས་ཁོངས་སྒྲོལ་བའི་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་ལམ་ཐིག་106གིས་ཡུལ་སྐོར་བ་དང་སྤོ་ལོ་དབྱིངས་པ་རྣམས“ཅང་སུའུ་ཡི་རྐང་རྩེད་སྤོ་ལོའི་མཉམ་འགྲན་དང་མཉམ་དུ་ཅང་སུའུ་རུ་ཡུལ་སྐོར་བྱེད་པར”འཁྲིད་ཡོད། གྲོང་ཁྱེར་ཁག་གིས་མཉམ་དུ“སྤ་སེ་+”ཀྱི་དམངས་ཕན་བྱ་ཐབས་རབ་དང་རིམ་པ་བཏོན་པས་འཛད་སྤྱོད་ཀྱང་འགྲན་བསྡུར་དང་མཉམ་དུ་མང་དུ་སོང་ཡོད། ཅང་སུའུ་ཡི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་། ཞིང་ཆེན་དེ་ཡོངས་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་བྱེད་པའི་ཚོང་དོན་འཁོར་རྒྱུག་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་དང་འགྲུལ་རྒྱུན་དུས་མཚུངས་ལས་འཕར་ཡོད།

གཞོན་ནུ་ཚོས་དགའ་པོ་བྱེད་པའི་ཕྱི་རོལ་ལུས་རྩལ་ཐོན་ལས་ལའང་མཐོ་རླབས་གསར་པ་ཞིག་འཕྱུར་ཡོད། དེ་སྔ་ཡུལ་སྐོར་བས་སི་ཁྲོན་ཝ་ཝུའུ་ཧྲན་རི་བོར་ཡོང་ནས“སྒྲོ་ཧྲན་རི་བོར་ལྟ་ཙམ་བྱས་ནས་པར་འགའ་བརྒྱབ་རྗེས་ལོག་འགྲོ་གི་ཡོད” ད་ཆ་དེ་གར་ཁང་ཕྱིའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་གྱི་གནས་མཆོག་ཏུ་གྱུར་ནས་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་སྤེལ་བཞིན་ཡོད། 2026ལོར“གྲོང་ཚོའི་BA”ཡིས་སྒོར་ཁྲི་2300འཛད་སྤྱོད་བྱེད་པར་སྐུལ་ཁྲིད་བྱས་པ་དང་ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ས་གནས་དེ་གར་ཡུལ་སྐོར་བ་མི་ཐེངས་ཁྲི་70ཟིན་ནས་མི་གྲངས་རྒྱུན་མཐུད་འཕར་བཞིན་ཡོད།

མཁོ་སྤྲོད་ཕྱོགས་དང་འཛད་སྤྱོད་ཕྱོགས་དུས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། ནང་མཁོ་དང་ཕྱི་ཕྱོགས་ཚོང་དོན་ཕྱོགས་གཉིས་ཀར་ཤུགས་སྣོན་རྒྱག་པ།“འགྲན་བསྡུར་གྱི་སྐད་གྲགས”ལ་བརྟེན་ནས“ཐོན་ལས་འཕར་ཚད”ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། 2026ལོའི་ལོ་སྟོད་དུ་རིག་རྩལ་སྤྲོ་གསེང་ཞབས་ཞུའི་རིགས་ཀྱི་སིལ་ཚོང་བསྡོམས་འབོར་ཅུང་མྱུར་པོ་འཕར་བ་དང་ཟླ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་ལུས་རྩལ་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་11.6%འཕར་ཡོད། ལུས་རྩལ་མཁོ་ཆས་དང་དེ་བཞིན་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་675.3ཟིན་པའི་ནང་སྤོ་ལོའི་རིགས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་30.8ཟིན་ཡོད།

“ལུས་རྩལ་ཐོན་ལས་ནི་མདུན་ལམ་བཟང་བའི་ཐོན་ལས་དང་། ལྗང་མདོག་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་རེད”ཅེས་པེ་ཅིང་ལུས་རྩལ་སློབ་ཆེན་དོ་དམ་སློབ་གླིང་གི་ཡོན་ཀྲང་ཧོང་ཧའེ་ཡན་གྱིས་བཤད་པ་དང་ཁོང་གིས་ལུས་རྩལ་ཐོན་ལས་ཀྱི་སྤུས་འདེགས་དང་། ཤོང་སྐྱེད། རིམ་སྤོར་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་། བརྟན་པོའི་ངང་འཕར་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ནས་ལུས་རྩལ་ཐོན་ལས་དེ་ཉིད་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་གཞི་རྟེན་གསར་པར་དངོས་འབྲེལ་འགྱུར་བ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྦྱོར་དགོས་ཞེས་བཤད།

(བསོད་བདེ་གཞོན་པ་དང་བསྟན་བློས་སྒྱུར་ཞུས་བྱས)