《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

བོད་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

བོད་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ཀྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་འཛུགས་སྐྲུན་གྱི་ཕན་འབྲས་ངོ་སྤྲོད་བྱེད་པའི་སྨྱན་སྦྱོར་ཡོངས་བསྒྲགས་ཚོགས་འདུ་ནག་ཆུ་གྲོང་ཁྱེར་དུ་འཚོཌ་ཤིང་། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་ལྔ་སོང་རིང་། གདང་ལའི་བྱང་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། “གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོར་སྐུལ་འདེད་བཏང་བ། སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་ལ་མཐུན་སྦྱོར་གྱིས་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་པས། རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་ས་ཁོངས་དེ་ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་དང་། སྦྲ་ཆེན། སྙན་རོང་བཅས་རྫོང་3གྱི་ཤང་དང་གྲོང་རྡལ་13དང་སྲིད་འཛིན་གྲོང་ཚོ་94དང་འབྲེལ་བ་ཡོད་པ་དང་། དངོས་སུ་དོ་དམ་བྱེད་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.87ཟིན་པ་དང་ཆ་སྙོམས་ས་བབ་སྨི་4600ཙམ་ཟིན་གྱི་ཡོད། ས་ཁོངས་སུ་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་304དང་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་57.34ཟིན་པ་དང་། འཁྱགས་རོམ་ཁག་696དང་རི་སྐྱེས་རྩི་ཤིང་སྣ་ཁ་210 རི་སྐྱེས་སྲོག་ཆགས་རིགས་148བཅས་ཡོད་ལ། ས་ཁོངས་དེ་ནི་འབྲི་ཆུ་དང་རྫ་ཆུའི་ཆུ་འགོ་གལ་ཆེན་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད།

ལོ་ལྔའི་རིང་། གདང་ལའི་བྱང་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚན་རྩལ་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ཡོད། མིག་སྔར་གཙོད་དང་། ཁྲུང་ཁྲུང་སྐེ་ནག ཤྭ་བ་མཆུ་དཀར་སོགས་རིགས་14ཡི་དངོས་རིགས་ལ་AIཡིས་དབྱེ་འབྱེད་བྱས་ཡོད་པ་དང་། འཁྱགས་རོམ་དང་འདམ་ར་སོགས་རིགས་6གི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བརྡར་གཅོད་བྱས་ཡོད། རིམ་རྩིས་བརྒྱབ་ན་དངོས་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐེངས་ཁྲི་217ཙམ་ཟིན་ནས་སྐྱེ་ཁམས་བདག་སྐྱོང་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད།

སྐྱེ་ཁམས་སླར་གསོར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། གདང་ལའི་བྱང་རྒྱུད་ས་ཁོངས་སུ་རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་མི་ཐབས་སླར་གསོས་གཞོགས་འདེགས་བྱེད་པ་མཐའ་འཁྱོངས་ཀྱིས་ལྕགས་དྲ་བསྐོར་ནས་རྩྭ་ཁ་གསོ་བ་དང་། ས་གནས་དེ་གའི་རྩྭ་སོན་གསབ་འདེབས། ས་རྒྱུ་ལེགས་གཏོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་19.37སླར་གསོ་དང་། ཞན་འགྱུར་འདམ་ར་མུའུ་ཁྲི་25.99བཅོས་སྐྱོང་། བྱེ་འགྱུར་ས་ཆ་མུའུ་ཁྲི་2.48བཅོས་སྐྱོང་བཅས་བྱས་པ་དང་། འཁྱགས་རོམ་དང་གངས་རི་མུའུ་ཁྲི་50ལ་རི་རྒྱ་བསྡམས་ནས་སྲུང་སྐྱོང་གིས་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་རྒྱུན་མཐུད་ཆེ་རུ་བཏང་བ་རེད།

སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་གདང་ལའི་བྱང་རྒྱུད་ས་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་མཉམ་སྤྱོད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། “དུད་ཚང་རེར་ལས་གནས་རེའི”སྐྱེ་ཁམས་བདག་སྐྱོང་ལས་གནས་གཞི་རྟེན་དུ་བྱས་ཏེ་ས་གནས་དེ་གའི་འབྲོག་པ་སྔོན་ལ་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་སུ་བཅུག་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་མི་ཐེངས་35863གདན་ཞུ་བྱས་པ་དང་། བདག་སྐྱོང་གི་ཁ་གསབ་སྒོར་དུང་ཕྱུར་3.6སྤྲད་པ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།

མིག་སྔར་གདང་ལའི་བྱང་རྒྱུད་ས་ཁོངས་སུ་རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས་དང་། གྲོང་ཁྱེར་རིམ་པས་གཙོ་ཁྲིད། རྫོང་རིམ་པས་དོན་འཁྱོལ་བཅས་བྱེད་པའི་རིམ་གསུམ་ལས་ཀའི་མ་ལག་བཙུགས་པ་མ་ཟད། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་བསྒྲལ་ཏེ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པར་སྐུལ་འདེད་བཏང་ཡོད། (བསྟན་འཛིན་གྱིས་སྒྱུར་ཞུས་བྱས)