འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་གསར་སྤེལ་བྱས་པའི་AIཚན་རིག་ཁྱབ་གདལ་རིག་ནུས་ལས་རོགས་ཀྱི“ཏུང་ཞའོ་ཁོའོ”དངོས་སུ་སྤྱོད་འགོ་ཚུགས་པ་དང་། རིག་ནུས་སྐྱེ་མཆེད་དེ་གསར་སྤེལ་བྱས་ནས་སྤྱོད་འགོ་ཚུགས་པ་ལས་ཀུན་ཕན་མཐུན་སྦྱོར་གྱི་ཚན་རིག་ཁྱབ་གདལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། “གསར་གཏོད་མཚོ་ཤར”འཛུགས་སྐྲུན་དང་མཚོ་ཤར་གྲོང་ཁྱེར་གྱི་ཚན་རྩལ་སློབ་གསོའི་ཤེས་ལྡན་པ་གཞི་གཅིག་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། “ཏུང་ཞའོ་ཁོའོ”ཡིས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་ཤེས་བྱའི་དྲི་བར་ལན་འདེབས་པ་དང་། ས་མཐོའི་ཞིང་ལས་ལག་རྩལ་མཛུབ་ཁྲིད། བདེ་ཐང་འཚོ་བའི་རྒྱུན་ཤེས་ཁྱབ་གདལ། ཚན་རིག་དང་མཐུན་པའི་འཕྲལ་སྡོམ་ཉེན་གཡོལ་ཤེས་བྱ་ཁྱབ་གདལ། ཚན་རྩལ་སྲིད་ཇུས་བློ་འདྲི་གསལ་འགྲེལ་བཅས་ལྟེ་བའི་ཚན་རིག་ཁྱབ་གདལ་གྱི་ཞབས་ཞུ་ཆེ་གྲས་ལྔ་ལ་དམ་པོར་དམིགས་ཏེ། རེས་སྐོར་མང་པོའི་རྒྱུན་མཐུད་སྐད་ཆ་ཤོད་རེས་ལ་རྒྱབ་སྐྱོར་དང་། འདྲི་བ་རྐྱང་པའི་ལན་འདེབས་སྟབས་བདེ་ཞིང་ཁ་གསལ་བ། ལན་གསལ་པོ་བཏབ་མ་ཐུབ་པའི་གནད་དོན་དྲ་ཕྱིའམ་ཡང་ན་ཐད་འབྲེལ་ཁ་པར་ནས་བློ་འདྲི་བྱེད་པར་ཁྲིད་སྟོན། སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་ཀྱིས་སྟབས་བདེ་པོས་སྤྱོད་ཐུབ་པ་བཅས་བྱུང་ཡོད་པ་རེད།
དུས་ཡུན་རིང་པོའི་ནང་། མཚོ་ཤར་གྲོང་ཁྱེར་དུ་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་གཏོང་མཁན་ཉུང་བ་དང་། ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་མེད་པ། ཁྱབ་ཆུང་བ་བཅས་ཡོད་པས། སྲོལ་རྒྱུན་གྱི་ཚན་རིག་ཁྱབ་གདལ་གཏོང་སྟངས་དེས་མང་ཚོགས་ཀྱི་དུས་དང་རྣམ་པ་ཀུན་དང་སྣ་མང་ཅན་གྱི་ཚན་རིག་ཁྱབ་གདལ་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། “ཏུང་ཞའོ་ཁོའོ”དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་ལས་ཡུལ་དུས་ཀྱི་ཚོད་འཛིན་ལས་བརྒལ་ཏེ། དབང་གྲགས་ལྡན་པའི་ཐོན་ཁུངས་མང་ཚོགས་ཀྱིས་སྤྱོད་ཐུབ་པ་དང་། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་གྱི་མི་ཤུགས་མི་འདང་བའི་ཞན་ཆ་སེལ་ནས་ཉིན་མཚན་དབྱེར་མེད་ངང་ཚན་རིག་ཁྱབ་གདལ་གྱི་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད། དེ་ནི་མཚོ་ཤར་གྱི་ཚན་རིག་ཁྱབ་གདལ་གྲངས་འཛིན་ཅན་གྱི་ཕྱོགས་སུ་སྒྱུར་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད་ལ། མཚོ་ཤར་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་མི་ཐབས་རིག་ནུས་ལ་དམ་འཛིན་ཧུར་ཐག་བྱེད་པའི་གསར་གཏོད་བྱེད་སྟངས་ཤིག་ཀྱང་རེད།