འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རོ་མ་ནས་ཟླ་9ཚེས་12ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཉ་ལས་ཨུ་ལྷན་གྱི་ཚོགས་འདུ་སྐབས་སོ་བདུན་པ་ཟླ་9ཚེས་7ནས་ཚེས་11ཉིན་བར་དབྱི་ཐ་ལིའི་རྒྱལ་ས་རོ་མར་འཚོགས་པ་དང་། ཀྲུང་གོའི་འཐུས་མི་ཚོགས་པ་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་རིང་། ཀྲུང་གོ་ཕྱོགས་དང་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཐུན་མོང་ཐོག“ཆུ་ཐོན་གསོ་ཚགས་གསར་གཏོད་ལ་སྐུལ་འདེད་བཏང་ནས་ལྗང་མདོག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི”ཟུར་ཚོགས་གཙོ་གཉེར་བྱས་ཏེ། ལག་རྩལ་གསར་གཏོད་དང་། ས་ཁོངས་མཉམ་ལས་དང་འཕེལ་རྒྱས། མ་འཇོག་གིས་མཐུན་རྐྱེན་སྦྱོར་བ་དང་ཕྱོགས་མང་པོ་ཞུགས་པ་སོགས་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད། ནེའུ་ཙི་ལན་དང་། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཆུ་ཐོན་གསོ་ཚགས་ལྟེ་གནས་དྲ་རྒྱ་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་གཙོ་དོན་སྙན་ཞུའི་ནང་2025ལོར་ཀྲུང་གོའི་ཆུ་ཐོན་གསོ་ཚགས་ཐོན་འབབ་ཏུན་ཁྲི་6326ཟིན་པ་དེས་ཆུའི་ཐོན་རྫས་ཀྱི་ཐོན་འབབ་བསྡོམས་འབོར་གྱི་83%བཟུང་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་ཆུ་ཐོན་གསོ་ཚགས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། ཆུ་ཐོན་འདེབས་འཛུགས་ལས་རིགས་དར་རྒྱས་དང་གསོ་ཚགས་ཀྱི་ཚན་རྩལ་འགག་སྒྲོལ་ལག་བསྟར། འབྲས་དང་ཉ་ཕྱོགས་བསྡུས་འདེབས་གསོ་སོགས་ཀྱི་བྱེད་སྟངས་གསར་པ་སྤྱད་དེ། རྒྱུན་མཐུད་ཆོག་པའི་བླང་བྱ་གསར་པ་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》ནང་བཅུག་པ་དང་ཆབས་ཅིག ཆུ་ཐོན་གསོ་ཚགས་ཀྱི་ལྷོ་ལྷོ་མཉམ་ལས་ནང་གཏིང་ཟབ་ཞུགས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་བསྟན་ཡོད།
དེ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་གདན་ཞུས་ལྟར་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གཙོ་གཉེར་བྱས་པའི《གྲུ་ཁའི་རྒྱལ་ཁབ་ཀྱི་བྱ་ཐབས་གྲོས་ཆོད》བེད་སྤྱོད་བྱས་ནས་ལོ་ངོ་10འཁོར་བའི་རིམ་མཐོའི་བྱེད་སྒོར་ཞུགས་ཡོད། བྱེད་སྒོར་གོ་ལ་ཧྲིལ་པོའི་གཙོ་གནད་ཉ་ལས་རྒྱལ་ཁབ་7གྱིས་གདན་ཞུས་ལྟར་གཏམ་བཤད་སྤེལ་བ་དང་ཀྲུང་གོ་ཕྱོགས་ནི་ཨེ་ཤེ་ཡ་ས་ཁུལ་གྱི་འཐུས་མི་འབའ་ཞིག་དེ་རེད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)