《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་ལོ་བཅུ”གསུམ་པ་འགོ་ཚུགས་པ།

——སང་ལོར་ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ།

“སང་ལོར་ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དགུ་པ་གཙོ་གཉེར་བྱ་རྒྱུ་རེད”ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་སྐབས། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ་ཕྱོགས་ཁག་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་འབྱུང་འགྱུར་བཏོད་ནས་འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་ལོ་བཅུ”གསུམ་པ་འགོ་བཙུགས་ནས་ཐུན་མོང་ཐོག་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདུ་ཤེས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་གནང་ནས་འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་རྒྱུན་མཐུད་ནས་འཁུར་རྒྱུ་གོ་སྐབས་སུ་བྱས་ཏེ“འབོ་གསེར་མཉམ་ལས་ཆེན་པོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ཨུ་རུ་སུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཤེར་ཀེ·སཱ་ནཱ་ཁོ་ཡེ་ཧྥུའུ་ཡིས་བརྗོད་དོན། འདས་ཟིན་པའི་ལོ་10ལྷག་ཙམ་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་འབོ་གསེར་གྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་རབ་དང་རིམ་པ་བཏོན་གནང་བ་དང་འབོ་གསེར་གྱི་མཉམ་ལས་ལམ་སྲོལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་གནང་ཡོད། སང་ལོ་ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་གྱི་སྙིང་སྟོབས་དེ“འབོ་གསེར་མཉམ་ལས་ཆེན་པོའི”གྲུབ་འབྲས་དེ་བས་མང་བར་རྒྱུན་མཐུད་བསྒྱུར་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཐུན་མོང་འཕེལ་རྒྱས་ཆེད་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་བྱ་རྒྱུའི་ཡིད་ཆེས་ཡོད།

ཐེ་ལན་ཀྲེང་ཏ་དོ་དམ་སློབ་གླིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་མིན་གྱིས་བརྗོད་དོན། ཀྲུང་གོར་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མི་ཐབས་རིག་ནུས་བེད་སྤྱོད། ནུས་རྒྱུ་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་ནུས་པ་བཏོན་ནས་འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་ཐོན་རྫས་དེ་བས་མང་བ་འདོན་པར་སྣེ་ཁྲིད་བྱེད་པའི་ནུས་པ་ལྡན་ཡོད། “ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང‘འབོ་གསེར་མཉམ་ལས་ཆེན་པོའི’སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་ཕྱོགས་ཁག་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་ཐུབ་པའི་ཡིད་ཆེས་ཡོད”

པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་བཙུགས་སློབ་ཆེན་གྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་མཱ་ཁོ་སི·ཕི་ལེ་སིས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་གནང་ནས་འབོ་གསེར་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་གིས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་སྐྲུན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་མཛུབ་ཁྲིད་གལ་ཆེན་གནང་ཡོད། “མི་ཐབས་རིག་ནུས་དང་ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་སུ་ཀྲུང་གོར་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཡོད། ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བྱས་ཏེ་འབོ་གསེར་རྒྱལ་ཁབ་ཀྱིས་གསར་གཏོད་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”

ཨེ་ཙེ་ཨོ་ཕི་ཡའི་སྲིད་ཇུས་ཞིབ་འཇུག་སུའོ་ཡི་མཐོ་རིམ་བློ་འདྲི་བ་པཱ་ལུའུ·ཏེ་སྨི་ཤིས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2017ལོའི་ཞ་མོན་གྱི་མཇལ་འཛོམས་ཐོག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“འབོ་གསེར+”གྱི་མཉམ་ལས་བྱེད་སྟངས་བཏོན་གནང་སྟེ་འབོ་གསེར་མཉམ་ལས་རོགས་ཟླ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱ་ཆེར་བཏང་ཡོད། ཕྱོགས་ཁག་གིས་སང་ལོར་ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་དེ་གོ་སྐབས་སུ་བྱས་ཏེ་ཚོང་དོན་མ་འཇོག་དང་། གྲངས་འཛིན་ཕྱོགས་སྒྱུར། མ་དངུལ་བསྡུ་སྒྲིལ་དང་དེ་བཞིན་མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་རྩལ་ནུས་འཕེལ་རྒྱས་ལས་དོན་ཚོགས་ཆུང་གི་ཨུ་རུ་སུ་ཕྱོགས་ཀྱི་འགན་འཁུར་བ་ཨ་ལི་ནཱ·ཤིན་ཀེས་བརྗོད་དོན། འབོ་གསེར་རྒྱལ་ཁབ་ཏུ་ལོ་རྒྱུས་རང་བཞིན་གྱི་ཁོངས་མི་མང་དུ་ཕྱིན་ནས་ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་ཀྱི་སྒྲོམ་གཞི་བཙུགས་ཏེ། ཚོང་དོན་དང་། མ་འཇོག དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། སང་ལོ་ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྗེས་ཕྱོགས་ཁག་དང་མཉམ་དུ་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་དེང་རབས་ཅན་ལ་གོ་སྐབས་གསར་པ་སྦྱིན་རྒྱུའི་ཡིད་ཆེས་ཡོད།

(རིག་རྡོར་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)