འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས་དང“ལོ་ལྔ་ཚན་དགུ་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ཀྱི་བླང་བྱ་དེ་བས་དོན་འཁྱོལ་ཡག་པོ་བྱེད་པ་དང་སྡེ་ཚན་ཁག་དབར་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས“ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དང་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔེ་མཚོན་གྱོད་དཔེ་ཁག་དང་པོ”ཡོངས་བསྒྲགས་བྱས་པ་རེད།
ད་ཐེངས་ཡོངས་བསྒྲགས་བྱས་པའི་གྱོད་དཔེའི་ཁྲོད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“དུས་རབས་གསར་པའི་ཁྲིམས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་གྱོད་དཔེ་ཆེ་གྲས་བཅུའི”དྲིལ་བསྒྲགས་བྱེད་སྒོའི་སྤུས་རྟགས་བཏོད་དེ“ཡིག་ཆ་མང་པོ་ལས་གྱོད་དཔེ་གཅིག་ཡག་པ”གསལ་འགྲེལ་བྱས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་དངོས་སྒྲུབ་ཀྱི་རིགས་གཅིག་མཁས་ཅན་སློབ་གྲྭར་སྐྱོད་པའི”བྱེད་སྒོ་སྤེལ་ནས་ཀུན་སྤྱོད་དང་བཅའ་ཁྲིམས་ཟུང་འབྲེལ་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་བ། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“རྒྱལ་ཡོངས་ཀྱི་དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་བྱ་སྤྱོད”ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་རིམ་སྤེལ་བྱེད་སྒོ་སྤེལ་ནས་དྲ་རྒྱའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དྲ་རྒྱ་དོ་དམ་དང་བཅོས་སྐྱོང་གི་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་བྱས་པ། སློབ་གསོ་པུས་ལོ་10བསྟུད་མར་རྒྱལ་ཡོངས་ཀྱི་སློབ་མའི“རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་སྣང་ཆེན་བྱེད་པའི”བྱེད་སྒོ་སྤེལ་ནས་ན་གཞོན་ལོ་ཆུང་གི་རྩ་ཁྲིམས་དད་མོས་ཟབ་ཏུ་བཏང་བ། ཀྲུང་གོའི་ཁྲིམས་རིག་སློབ་ཚོགས་ཀྱིས་ཁྲིམས་རིག་པའི་རིག་མཛོད་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ན་གཞོན་སློབ་མ་ཁྲིམས་སྐྱོང་འཛུགས་སྐྱོང་ནང་ཞུགས་པའི་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
གོམ་སྟབས་རྗེས་མར། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང“ལོ་ལྔ་ཚན་དགུ་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ས་གནས་ཁག་དང་སྡེ་ཚན་ཁག་གིས“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱ་རྒྱུར་མུ་མཐུད་མཛུབ་ཁྲིད་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་རྒྱུ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)