《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

ལས་རིགས་སློབ་གསོའི་དགེ་རྒན་གྱིས་སློབ་མར་ལག་རྩལ་ཡག་པོ་བསླབས་པ།

——2026ལོའི“དགེ་རྒན་ཡག་ཤོས”ཝང་ཆིང་གི་སྐོར་བཀོད་པ།

འདི་ནི་ཝང་ཆིང(གཡོན་གྱི་གསུམ་པ)གིས་རླངས་འཁོར་ལ་རྩི་གཏོང་སྟངས་སློབ་བཞིན་པ།

ཀུའེ་ཀྲོའུ་འགྲིམ་འགྲུལ་ལག་རྩལ་སློབ་གླིང་གི་དངོས་སྦྱོང་སློབ་ཁང་དུ་སྐྱོད་སྐབས་སློབ་མ་ཁ་ཤས་ཀྱིས་འགོག་སྲུང་སྒྲིག་ཆས་གྱོན་ནས་རླངས་འཁོར་སྒོར་རྩི་གཏོང་སྟངས་སྦྱོང་བཞིན་འདུག དགེ་རྒན་ཝང་ཆིང་གིས“ལག་པ་བརླིང་པོ་བྱས་ནས་རྩི་ག་ལེར་གཏོང་དང་། རྩི་གཏོར་ཆས་དང་སྒོ་དབར་བར་ཐག་འཇོག་དགོས”ཞེས་ཤོད་བཞིན་སློབ་མའི་འཁྲིས་སུ་བཅར་ནས་ལག་པར་འཇུས་ཏེ་བསླབས།

ལོ་10ལྷག་ཙམ་གོང་། ཝང་ཆིང་ཡང་སློབ་མ་ཞིག་རེད། སྐབས་དེ་དུས་ཁོང་ཀུའེ་ཀྲོའུ་ཧྲེ་ཆན་རྫོང་གི་རི་ཁུལ་ནས་ཐོན་ཏེ་འབྲིང་རིམ་ཆེད་ཚན་ནས་ཆེད་ཚན་སློབ་གྲྭ་ཆེ་མོར་བསྐྱོད་པ་མ་ཟད། ཞིབ་དཔྱད་རབ་དང་རིམ་པ་བྱས་པ་བརྒྱུད་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་མཉམ་སྡེབ་སྦྱོང་བརྡར་རུ་ཁག་ནང་ཞུགས་ནས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྒྱལ་ཁབ་མཉམ་སྡེབ་སྦྱོང་བརྡར་རུ་ཁག་ནང་ཚུད་པ་རེད། རྗེས་སུ་བྱང་ཆུབ་པའི་ཆེད་ལས་ལག་རྩལ་ལ་བརྟེན་ནས་ཁོང་ཀུའེ་ཀྲོའུ་འགྲིམ་འགྲུལ་ལག་རྩལ་པའི་སློབ་གླིང་གིས་མཛུབ་ཁྲིད་དགེ་རྒན་ལ་བསྡུས།

ཐོབ་ཐང་སྒྱུར་རྗེས་ཝང་ཆིང་ལ་འཕྲད་པའི་དཀའ་ངལ་དང་པོ་ནི“སོ་སོས་ལས་ཤེས་ཀྱང་སློབ་མར་སློབ་མི་ཤེས་པ”དེ་རེད།

“ལས་ཤེས་པ་ནི་སྦྱོང་བརྡར་ཐེབས་པ་ཙམ་རེད། སློབ་མར་སློབ་ཤེས་པ་ནི་ཤེས་བྱ་དངོས་འབྲེལ་ཁོང་དུ་ཆུད་པ་ཞིག་རེད” ཝང་ཆིང་གིས་རང་གི་ལག་རྩལ་གྱི་ཤེས་བྱར་ཞིབ་འཇུག་བྱས་ནས་སློབ་ཁྲིད་བྱེད་སྟངས་བཏོད་དེ་སྔོན་ལ་རིག་པའི་གཞུང་ལུགས་སློབ་པ་དང་། དེ་ནས་ལག་རྩལ་སློབ་པ། མཐར་དམར་ཁྲིད་ནས་སློབ་མར་ལད་མོ་བྱེད་དུ་འཇུག་པ་བཅས་བྱས་པས་སློབ་སྦྱོང་བྱེད་སྐབས་སྤྲོ་སྣང་ལྡན་པ་ཞིག་ཏུ་གྱུར་ཏེ་སློབ་མའི་སྤྲོ་སེམས་འཕེལ་གྱི་ཡོད།

སློབ་མ་ཨའོ་ཅང་ཡུང་གྲོང་གསེབ་ནས་ཡིན་པས་ཐོག་མར་རང་གིས་ཡག་པོ་སྦྱོང་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། རྩི་གཏོང་སྟངས་སྦྱོང་བའི་སྐབས་སུ་ཁོང་གིས་པང་ལེབ་གསུམ་བསྟུད་མར་འཕྲོ་བརླག་བཏང་བས་སེམས་ཕམ་ཏེ་ཟུར་ཞིག་ཏུ་ཁ་མི་གྲགས་པར་ཙོག་པུར་བསྡད། ཝང་ཆིང་མཁྲིས་སུ་བསྡད་ནས“སྔོན་མ་ངས་རྩི་ཡག་པོ་གཏོང་མ་ཤེས་པར་པང་ལེབ་རང་ལས་མང་བ་འཕྲོག་བརླག་བཏང་མྱོང་། བློ་ཕམ་མི་དགོས། ལག་རྩལ་ག་ལེར་སྦྱངས་ཚེ་ཤེས་ཐུབ”ཅེས་སེམས་གསོ་བཏང་།

ཉིན་ཐོག་ཉིན་བརྩེགས་ཀྱི་དཀའ་སྤྱད་དངོས་སྦྱོང་འོག་ཨའོ་ཅང་ཡུང་གི་ལག་རྩལ་བྱང་ཆུབ་པ་བྱུང་ནས་རྒྱལ་ཡོངས་ལས་རིགས་རྩལ་ནུས་སྐབས་དང་པོའི་འགྲན་བསྡུར་ཆེ་མོའི་ཕུལ་བྱུང་བྱ་དགའ་དང“ནུབ་རྒྱུད་རྩལ་ནུས་གྲགས་ཅན”གྱི་མཚན་སྙན་ཐོབ་སྟེ་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྒྱལ་ཁབ་མཉམ་སྡེབ་སྦྱོང་བརྡར་རུ་ཁག་ནང་བདེ་བླག་ངང་ཚུད་པ་རེད།

དེ་མིན་གྱི་སློབ་མ་ཀྲང་གོ་ཅུན་སྐད་ཆ་མང་པོ་བཤད་ཀྱི་མེད་རུང་ལས་ལ་འབད་མཁན་ཞིག་ཡིན། གཞན་གྱིས་ཐེངས་གཉིས་སྦྱངས་ཚེ་ཁོང་གིས་ཐེངས་ལྔ་སྦྱོང་གི་ཡོད། དགོང་མོ་སྦྱོང་བརྡར་ཁང་གི་སྒོ་བརྒྱབ་ཚེ་ཁོང་གིས་བར་ཁྱམས་དང་ཉལ་ཁང་དུ་རྩི་གཏོང་སྟངས་སྦྱངས་ཤིང་། སེམས་ནང་ངར་ཤུགས་ཀྱིས་ཁེངས།

འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་འདེམས་སྒྲུག་འགྲན་བསྡུར་ལ་གྲ་སྒྲིག་བྱེད་སྐབས། ཀྲང་གོ་ཅུན་གྱི་གནོན་ཤུགས་ཆེ་རུ་ཕྱིན་ནས་མཚན་ལ་གཉིད་མི་ཁུག་པ་དང་སྦྱོང་བརྡར་བྱེད་སྐབས་ལག་པ་འདར་ནས་རྩི་གཏོང་ཆས་ཡག་པོ་འཛིན་ཐུབ་ཀྱི་མེད། ཝང་ཆིང་གིས་ཁོང་འཁོར་ཁང་གི་ཕྱི་རོལ་དུ་ཁྲིད་ནས་འགྲོ་ཞོར་དུ“ལག་པ་འདར་དགོས་དོན་ག་རེ་རེད། རྩི་ཡག་པོ་གཏོང་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་དམ་ཡང་ན་ནང་མི་བློ་ཕམ་ཡོང་སྙམ་གྱི་འདུག་གམ”ཞེས་དྲིས།

ཀྲང་གོ་ཅུན་གྱིས“ནང་མི་བློ་ཕམ་ཡོང་སྙམ་ནས་སྐྲག་གི་འདུག”ཅེས་བཤད་པ་དང་ཝང་ཆིང་གིས“རང་ལས་སྡུག་རུས་ཆེ་བ་སུ་ཡང་མེད། རང་གི་ཕ་མས་རང་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་རེ་བ་བྱེད་པ་ལས་ཨང་དང་པོའི་གོ་མིང་ཐོབ་པའི་ཐུགས་རེ་བྱེད་ཀྱི་མེད”ཅེས་བཤད།

བློ་སྒོ་ཕྱེ་རྗེས་ཀྲང་གོ་ཅུན་གྱིས་གནོན་ཤུཌ་ལ་ལྟ་སྟངས་ཡང་དག་འཛིན་ཤེས་ནས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྒྱལ་ཁབ་མཉམ་སྡེབ་སྦྱོང་བརྡར་རུ་ཁག་ནང་ཐེངས་གཉིས་ཚུད་ཅིང་། ད་ཆ་ཀྲང་གོ་ཅུན་ཡང་ལས་རིགས་སློབ་གསོའི་ཁྲིད་སྟེགས་སུ་བསྐྱོད་དེ་མཐོ་རིམ་ལས་རིགས་སློབ་གྲྭའི་ཆེད་བསྐོས་དགེ་རྒན་ཞིག་ཏུ་གྱུར་ཡོད།

“གལ་ཏེ་དགེ་རྒན་གྱི་ཐོབ་ཐང་དེ་མེད་ཚེ་ང་ནི་རྩི་གཏོང་མཁན་གྱི་བཟོ་པ་ཞིག་རེད། དགེ་རྒན་ཆགས་རྗེས་ངས་བྱིས་པ་སྟོང་ཕྲག་མང་པོར་ལག་རྩལ་སྣ་གཅིག་སློབ་ཐུབ་ཀྱི་ཡོད” ཝང་ཆིང་གི་ངོས་ནས་བརྗོད་ན། ལས་རིགས་སློབ་གསོའི་དགེ་རྒན་གྱིས་སློབ་མར། འཇོན་ཐང་ངོ་མ་ཞིག་དང་། མདུན་ལམ་ཡག་པོ་ཞིག ཕམ་ཁར་མི་སྐྲག་པའི་དད་སེམས་བཅས་སློབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

ལོ་ལྟར་སློབ་མ་གསར་པ་སློབ་གྲྭར་ཞུགས་པའི་སློབ་ཚན་དང་པོར་ཝང་ཆིང་གིས“ང་ཡང་ལས་རིགས་སློབ་གྲྭ་ནས་ཐོན་པ་ཞིག་ཡིན། ད་ཆ་འདིར་ལངས་ནས་ཁྱེད་ཚོར་སློབ་ཁྲིད་བྱེད་ཐུབ་པ་ལས་རྩལ་ནུས་ཀྱིས་ཕུགས་འདུན་མངོན་འགྱུར་ཐུབ་པ་གསལ་བཤད་བྱེད་ཐུབ”ཅེས་བརྗོད་ཀྱི་ཡོད།

(ཚེ་ཁོས་བསྒྱུར། བདེ་སྐྱིད་དང་ཚེ་ཁོས་ཞུས)