《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月09日

བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོའི་ཉིན་ཐོ།

གཞི་རིམ་ཏང་ཡོན་གྱི་གཟུགས་བརྙན་ངོ་མ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།

ཟླ་9ཚེས་4ཉིན། གནམ་དྭངས།

དེ་རིང་དམིགས་བསལ་གྱི་གྲོགས་པོ་ཞིག་འཕྲད་བྱུང་། ཁོང་ནི་ས་ལེ་ཤང་ས་ལེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་གྲུབ་རེད། ལོ་40ལ་སླེབས་པའི་ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ས་ལེ་བ་རེད། གནོད་འཚེ་ཐོན་རྗེས་ཁོང་མ་བསྐུལ་དང་བླངས་ངང་རྐང་ཐང་མར་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་སྐྱོད་པའི་རོགས་སྐྱོབ་རུ་ཁག་གི་ལམ་སྟོན་པ་ཁག་དང་པོར་གྱུར།

ཟླ་8ཚེས་27ཉིན་གྱི་ཞོགས་པར་ཕྱིར་མིག་ལྟ་སྐབས། དེ་ནི་གེགས་རྗེས་སེམས་ཁྲལ་ཆེ་ཤོས་ཀྱི་དུས་མཚམས་ཤིག་རེད། སྐམ་ལམ་ལ་གཏོར་སྐྱོན་ཕོག་པའི་རྐྱེན་གྱིས་རྐང་ཐང་མར་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་བསྐྱོད་པར་ལམ་རྙིང་པ་མེད་པས་ལ་བརྒྱབ་ཀླུང་བརྒལ་གྱིས་ལམ་གསར་པ་འཚོལ་དགོས་ཀྱི་ཡོད།

“ང་ནི་ཏང་ཡོན་ཡིན་པས་དཀའ་ངལ་འཕྲད་སྐབས་མདུན་དུ་ཤོར་དགོས”ཞེས་བསམ་གྲུབ་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ངར་སྐད་ཆ་དེ་བཤད། ཉིན་དེར་བག་སོབ་ཁ་ཤས་དང་འཐུང་ཆུ་དམ་བི་འགའ་ཁྱེར་ཡོད་པ་དང་། ལུས་ལ་ཆར་གོས་སྲབ་མོ་ཞིག་གྱོན་ཏེ་ཟོར་བ་ཐོགས་ནས་རུ་ཁག་གི་མདུན་དུ་སོང་།

སྔ་དྲོའི་ཆུ་ཚོད་10པ་ལྷག་ཙམ་ནས་ཕྱི་དྲོའི་ཆུ་ཚོད་5པ་བར་བསམ་གྲུབ་དང་རོགས་སྐྱོབ་མི་སྣས་གདོད་མའི་ནགས་ཚལ་དུ་བགྲོད་ལམ་ཞིག་བཟོས་ནས་ཤུལ་མེད་དུ་སོང་བའི་གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་དུ་འབྱོར། དགོང་མོ་དེར་ཁོང་དང་རོགས་སྐྱོབ་མི་སྣ་གྱང་རོའི་འགྲམ་གྱི་ས་སྟོང་དུ་ཕན་ཚུན་འབྱར་ཏེ་ཉལ་བ་དང་། ཁོང་གིས་ཆར་གོས་གཞན་ལ་གཡར།

ངས་ཁོང་ལ་དེ་དུས་ཞེད་སྣང་སྐྱེས་བྱུང་ངམ་ཞེས་འདྲི་སྐབས། ཕོ་རྒོད་ཁོང་གིས་མགོ་བོ་འཕྲེད་དུ་གཡུག་བཞིན“ངས་ལྟེ་བའི་ཁུལ་དུ་འགྲོ་སའི་ལམ་མི་རྙེད་པའི་སེམས་ཁྲལ་བྱུང”ཞེས་བརྗོད།

ཟླ་8ཚེས་28ཉིན། བསམ་གྲུབ་ཐད་འཕུར་གནམ་གྲུས་སྐྱིད་གྲོང་གྲོང་རྡལ་དུ་ངལ་གསོ་རྒྱག་པར་བསྐྱལ། མི་ཚང་མས་ཁོང་ལ་ངལ་གསོ་རྒྱག་དགོས་པའི་ཁ་ཏ་བྱས་ཀྱང་ཁོང་གིས“ངལ་གསོ་རྒྱག་ཁོམ་ག་ལ་ཡོད། གྲོང་ཚོར་ད་དུང་ལས་ཀ་མང་པོ་ཡོད”ཅེས་བཤད། གྲོང་རྡལ་དུ་ངལ་གསོས་ནས་ཆུ་ཚོད་གཉིས་ཀྱང་མ་སོང་བར་ཁོང་སླར་ཡང་ཤང་དུ་ལོག

ཉིན་ཤས་རིང་བསམ་གྲུབ་ཀྱིས་ལ་བི་གྲོང་ཚོ་དང་ཀོ་པ་གྲོང་ཚོར་བཞག་པའི་ཕྱུགས་ཟོག་ལ་གཟན་རྩྭ་སྟེར་བ་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བའི་ལས་ལ་བྲེལ། “རྩ་འཛུགས་ཀྱི་བཀའ་དང་མང་ཚོགས་ལ་དགོས་མཁོ་གང་ཡོད་ན་ངས་དེ་རང་བྱེད་ཀྱི་ཡིན”ཞེས་བསམ་གྲུབ་ཀྱིས་བཤད།

ཉིན་གང་ངས་ཁོང་གི་རྗེས་དེད་ནས་སོང་བ་ཡིན། གློ་བུར་དུ་ངའི་བསམ་པར་ཁོང་ནི་མི་ཕལ་པ་མང་པོ་ཞིག་དང་འདྲ་ལ། ཡང་ཅུང་མི་འདྲ་བ་སྣང་བྱུང་། འདི་ནི་གཞི་རིམ་ཏང་ཡོན་གྱི་གཟུགས་བརྙན་ངོ་མ་རེད།

(རིག་རྡོར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)