《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月09日

བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་རོགས་སྐྱོབ་ཁྲོད་ཀྱི་རྒྱུས་མངའ་ཆེ་བའི་བྱད་བཞིན།

“གང་དུ་ལས་ཀ་ཡོད་ན་དེ་གར་འགྲོ”

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

རྒྱལ་ལམ་216མྱུར་བཟོ་ཐུབ་པའི་ཉིན་དེར་གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་ལ་རླངས་འཁོར་གཅིག་རྗེས་གཉིས་མཐུད་སྐྱོད་བཞིན་འདུག མི་ཚོགས་ཁྲོད་དུ་ལི་མདོག་གི་གྱོན་ཆས་གྱོན་པའི་མེ་གསོད་རོགས་སྐྱོབ་རུ་མི་ཞིག་གིས་སྒྲིག་ཆས་ཁུར་ནས་ཁུ་སིམ་པོར་ལྟེ་བའི་ཁུལ་ནས་ཡོང་བཞིན་འདུག ཁོང་གི་ལྷམ་ཡུ་རིང་སྟེང་དུ་འདམ་བག་སྐམ་པོ་ཆགས་ཡོད་པ་དང་། གོམ་པ་སྤོ་ཐེངས་རེར་འདམ་བག་ལྷེབ་ཙམ་ལྷེབ་ཙམ་གོག་གི་འདུག ངོ་གདོང་ཉི་མས་འཚིག་ནས་ནག་པོར་གྱུར་ཡོད་པ་དང་མཆུ་ཏོ་ཡང་གས་འདུག་ལ། ཕྲག་པར་ཐག་ཤུལ་གསལ་པོ་གཉིས་འདུག

ཁོང་གི་མིང་ལ་དོན་གྲུབ་རྒྱལ་མཚན་ཟེར་བ་དང་། བོད་ལྗོངས་དིང་རི་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་ཆེ་མོ་རེད། ན་ནིང་དིང་རི་ས་ཡོམ་གྱི་རོགས་སྐྱོབ་བྱེད་སྐབས་གསར་འགོད་པ་དང་ཁོང་མཉམ་དུ་ཉིན་ཁ་ཤས་གཤིབ་མྱོང་ཡོད།

“ལྟེ་བའི་ཁུལ་དུ་ག་དུས་བསྐྱོད་པ་ཡིན་ནམ” “ཚེས་31ཉིན་ལྟེ་བའི་ཁུལ་དུ་མཁའ་ཐོག་ནས་ཕྱིན་པ་ཡིན། ལྟེ་བའི་ཁུལ་དུ་ཉིན་གཉིས་ལྷག་ཙམ་བསྡད་པ་ཡིན། དེ་རིང་ལམ་ཤར་གཏོང་ཐུབ་པས་གཞི་ནས་དོན་ཡོང་བ་ཡིན”

སྐད་ཆ་ཚིག་ཁ་ཤས་ལས་བཤད་ལོང་མེད་པར་དོན་གྲུབ་རྒྱལ་མཚན་མུ་མཐུད་ཕྱིར་ལོག་པ་དང་། གསར་འགོད་པས་ཁོང་གི་སེན་མོའི་སྲུབས་ཀར་འདམ་གྱིས་ཁེངས་པ་དང་། གོས་ཐུང་སྟེང་གི་འདམ་བག་སྐམ་པོ་ཆགས་ཡོད་པ་མཐོང་བྱུང་།

གསར་འགོད་པ་མདུན་དུ་གང་ཙམ་སོང་རྗེས་སླར་ཡང་རྒྱུས་མངའ་ཆེ་བའི་བྱད་བཞིན་ཞིག་མཐོང་བྱུང་། ཁོང་ནི་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཡེ་དབྱི་རེད། ཁོང་ལམ་ཟུར་དུ་ལངས་ནས་ཡོད་པ་དང་། འོད་ལྡོག་ཁན་སྦྱར་སྟེང་ཐལ་རྡུལ་གྱིས་ཁེངས། ཁོང་གིས་དེ་གར་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་བཀོད་གཏོང་བྱེད་བཞིན་འདུག དིང་རིར་ས་ཡོམ་རྒྱག་སྐབས་གསར་འགོད་པས་བཀོད་སྒྲིག་བྱ་ཡུལ་ནས་ཁོང་མཐོང་མྱོང་ཡོད་ལ། དེ་བས་སྔ་བའི་ཉེན་སེལ་རོགས་སྐྱོབ་ཁྲོད་ཀྱང་ཁོང་མཐོང་མྱོང་།

“ང་ཚོའི་ལས་རིགས་འདི་ད་ག་རང་རེད། གང་དུ་ལས་ཀ་ཡོད་ན་དེ་གར་འགྲོ”ཞེས་ཡེ་དབྱི་ཡིས་བཤད།

(རིག་རྡོར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)