《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月09日

བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་ངོ་འཕྲད་ཚོགས་འདུ་འཚོགས་པ།

འདི་ནི་ཟླ་9ཚེས་6ཉིན་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུས་འཚོགས་པའི་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་ངོ་འཕྲད་ཚོགས་འདུ་འཚོག་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་སྐྱིད་གྲོང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུས་འཚོགས་པའི་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་ངོ་འཕྲད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་18བར། གནོད་འཚེའི་དབང་གིས་མི་43རྐྱེན་ལམ་དུ་ཤོར་བ་དང་། མི་519འབྲེལ་བ་ཆད་པ། མི་2བསྐྱབས་པ། གཤིན་རྫས་993རྙེད་ཡོད་པ་བཅས་རེད།

ངོ་འཕྲད་ཚོགས་འདུར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད། ཟླ་9ཚེས་2ཉིན་གྱི་ཆུ་ཚོད་10པར་བགྲོད་ལམ་ཤར་གཏོང་ཐུབ་རྗེས། ཆེད་དོན་ཚོགས་ཆུང་6དང་འཚོལ་སྐྱོབ་རུ་ཁག་7བཙུགས་ཏེ“བགྲོད་ལམ་སྔོན་ལ་ཤར་གཏོང་དང་། ཁུལ་དབྱེ་ནས་རྩད་འཚོལ། ཕྱོགས་མང་མཐུན་སྦྱོར”བཅས་ཀྱི་བྱ་ཐབས་སྤྱད་དེ། གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་དུ་ལེབ་བཤེར་རྣམ་པའི་འཚོལ་སྐྱོབ་ཐེངས་མང་བྱས་ནས་གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་དུ་འཚོལ་སྐྱོབ་ལས་ཀ་དང་སྔོན་འགོག་རང་བཞིན་གྱི་ཁོར་ཡུག་དུག་སེལ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་པ་རེད། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་18བར། རིམ་རྩིས་བརྒྱབ་ན་རོགས་སྐྱོབ་སྟོབས་ཤུགས་མི་2500ལྷག་ཙམ་དང་། འཚོལ་སྐྱོབ་རླངས་འཁོར་ཐེངས་500ལྷག་ཙམ། འཚོལ་སྐྱོབ་སྒྲིག་ཆས་9000ལྷག་ཙམ། མི་མེད་གནམ་གྲུ་ཐེངས་1000ལྷག་ཙམ་བཏང་བ་དང་མཁའ་དབྱིངས་ནས་དངོས་ཟོག་ཏུན་5.43དབོར་ཡོད་པ་རེད།

རྒྱལ་མཚམས་འཛུལ་སྒྲོལ་གྱི་ཐོ་འགོད་དང་འཕྲིན་གཏོང་གི་གནས་ཐིག་གཏན་འཁེལ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་འབྲེལ་བ་ཆད་པའི་མི་སྣའི་ཐོབ་ཐང་ཆ་འཕྲིན་བསྡུ་རུབ་བྱས་ཏེ་རེ་རེ་བཞིན་གྲལ་བཤེར་གཏན་འཁེལ་བྱས་པ་དང་། རྒྱལ་ནང་གི་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣའི་ནང་མིའི་ཁ་པར་བླངས་ནས་ནང་མིའི་དོ་ཁུར་ལ་དུས་ཐོག་ཏུ་ལན་བསློགས་པ་དང་སེམས་གསོ་བཏང་ཡོད། རིམ་རྩིས་བརྒྱབ་ན། རྒྱལ་ནང་གི་ནང་མིའི་ཁ་པར་ཐེངས་675འབྱོར་བ་དང་། ནང་མི་791ལ་སྣེ་ལེན་བྱས་པ། ནང་མི་640བཀོད་སྒྲིག་བྱས་ཡོད།

ད་ཐེངས་ཀྱི་གནོད་འཚེའི་ནང་རྒྱལ་ཁོངས་ཕྱིའི་འབྲེལ་བ་ཆད་པའི་མི་སྣ་261ཡོད་པ་དེ་དག་རྒྱལ་ཁབ་23ནས་ཡིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དུས་ཐོག་ཏུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་ལ་འབྲེལ་ཡོད་ཆ་འཕྲིན་བརྡ་ཁྱབ་བཏང་བ་རེད། ཆུ་ཚོད་24རིང་རྒྱལ་ཁོངས་ཕྱིའི་འབྲེལ་བ་ཆད་པའི་མི་སྣའི་ནང་མིར་ཆེད་སྤྱོད་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་པ་དང་རིམ་རྩིས་བརྒྱབ་ན་ཁ་པར་509འབྱོར་ཡོད་པ་རེད། རྒྱལ་ཁོངས་ཕྱིའི་མི་སྣ་རྒྱལ་མཚམས་འཛུལ་སྒྲོལ་དང་དངོས་རྫས་དབོར་འདྲེན་གྱི་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་པ་དང་རིམ་རྩིས་བརྒྱབ་ན་རྒྱལ་ཁོངས་ཕྱིའི་མི་སྣ་3388ཁ་འགྲེམས་བྱས་པ་དང་། རང་རྒྱལ་ཁབ་ཏུ་ཕྱིར་ལོག་འདོད་ཡོད་པའི་རྒྱལ་ཁོངས་ནེ་པ་ལའི་མཐའ་མཚམས་ཡུལ་མི་365སྒྲིག་འཛུགས་བྱས་ནས་རྒྱལ་སྒྲོལ་བྱེད་དུ་བཅུག་པ། རྒྱལ་ཁོངས་ནེ་པ་ལའི་རླངས་འཁོར་279དང་དངོས་རྫས་བླུགས་པའི་རླངས་འཁོར་103བདེ་འཇགས་ངང་རྒྱལ་སྒྲོལ་བྱེད་དུ་བཅུག་པ་མ་ཟད། རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མཐའ་མཚམས་ཡུལ་མི་1720ཡི་འཚོ་བ་འགན་ལེན་ཡག་པོ་བྱས་པ་རེད།

ཀྲུང་ནེའི་གེགས་སེལ་གྱི་ཆ་འཕྲིན་བརྡ་ཁྱབ་ལམ་སྲོལ་བརྒྱུད་ཉིན་ལྟར་ནེ་པ་ལར་གནམ་གཤིས་དང་། ཆུ་དཔྱད། འཁྱགས་མཚོ་དང་འཁྱགས་རོམ་སོགས་ཀྱི་ཆ་འཕྲིན་བརྡ་ཁྱབ་གཏོང་གི་ཡོད། ནེ་པ་ལ་ཕྱོགས་ཀྱི་རེ་བ་ལྟར་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལར་ཕུག་ལམ་རོགས་སྐྱོབ་དང་DNAཞིབ་དཔྱད་ཚད་ལེན་སོགས་ཐད་ཀྱི་རིགས་གཅིག་མཁས་ཅན་བཏང་བ་དང་འབྲེལ་འཕྲལ་སྡོམ་གྱི་དངོས་རྫས་ཀྱི་རོགས་སྐྱོར་བྱས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ནེ་པ་ལར་སྒྲིག་སྦྱོར་རྣམ་པའི་ཟམ་པའི་ལྷུ་ལག་སོགས་གེགས་སེལ་དངོས་རྫས་ཏུན་320རོགས་སྐྱོར་བྱས་པ་རེད།

ཟླ་9ཚེས་5དང་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཕྱི་འབྲེལ་པུའུ་དང་མཉམ་དུ་སྒྲིག་འཛུགས་བྱས་པའི་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེ་ཐོན་ཡུལ་དུ་བསྐྱོད་དེ་གནོད་འཚེའི་གནས་ཚུལ་དང་རོགས་སྐྱོབ་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་པ་རེད། ཨ་རི་དང་། དབྱིན་ཇི། ཨུ་རུ་སུ། རྒྱ་གར། ཕ་ཁི་སི་ཐན། སིང་ཀ་ཕོར། པར་ཙིར་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་སྨྱན་སྦྱོར་གྱི་གསར་འགོད་པ་བཅར་འདྲིར་ཞུགས་ཡོད་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)