《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月09日

“ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་རོགས་ཟླ་གལ་ཆེན་ཞིག་ཡིན”

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཤིན།

ཧྥ་ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། འཇར་མན་གྱི་ཕིང་ཕང་སྤོ་ལོའི་ཀ་པ་རིམ་པའི་མཉམ་འགྲན། འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་མངོན་མེད་རྩེར་སོན་སློབ་ཚོགས་བཅས་ཀྱིས་ཉིན་ཤས་གོང་འཇར་མན་གྱི་ཉིའུ་ལུན་པའོ་རུ་མཉམ་འབྲེལ་ཐོག་ཕིང་ཕང་སྤོ་ལོའི་འཇར་མན་བུམ་པ་དང་ཀྲུང་འཇར་དཔལ་འབྱོར་གླེང་སྟེགས་གཉེར་བ་རེད། གླེང་སྟེགས་ཀྱིས“ལུས་རྩལ་གྱིས་ཡིད་ཆེས་གཏོད། ཡིད་ཆེས་ཀྱིས་དཔལ་འབྱོར་མཉམ་ལས་ལ་སྐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་སྲིད་ཕྱོགས་དང་། ཚོང་དོན། རིག་གཞུང་བཅས་ཀྱི་ལས་རིགས་དང་ལུས་རྩལ་ལས་རིགས་ཀྱི་མི་སྣ་གླེང་སྟེགས་ནང་ཞུགས་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། ལུས་རྩལ་དཔལ་འབྱོར། ཐོན་ལས་ཕྱོགས་སྒྱུར་སོགས་ཀྱི་གྲོས་གཞིར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་རེད།

“ཕིང་ཕང་སྤོ་ལོས་མི་རྣམས་མཉམ་དུ་འདུས་ནས་ཡིད་ཆེས་སྐྱེད་སྲིང་བྱས་ཡོད་ཅིང་། ཡིད་ཆེས་ནི་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་རེད” འགྲན་བསྡུར་དུས་ཚིགས་གསར་པའི་ཕིང་ཕང་སྤོ་ལོའི་འཇར་མན་བུམ་པ་འགྲན་འགོ་ཚུགས་པའི་མཚམས་སུ་ཀྲུང་འཇར་གྱི་དཔལ་འབྱོར་གླེང་སྟེགས་གཉེར་བ་ནི་གོ་སྐབས་དེ་དང་བསྟུན་ནས་ལུས་རྩལ་གྱིས་དམངས་སེམས་སྦྲེལ་བའི་འབྲེལ་ཐག་གི་ནུས་པ་གང་ལེགས་བཏོན་ནས་ཕྱོགས་གཉིས་དབར་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་གོ་སྐབས་གཏོད་པར་ལས་སྟེགས་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཧྥ་ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧོང་དབྱི་དབྱང་གིས་བཤད།

“ང་ཚོས་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་ཟམ་བཙུགས་ནས་འགྲན་སློང་གིས་ཁེངས་པའི་ད་ལྟའི་དུས་བབ་ལ་མཉམ་དུ་ཁ་གཏད་གཅོག་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་འཇར་མན་གྱི་ཕིང་ཕང་སྤོ་ལོའི་ཀ་པ་རིམ་པའི་མཉམ་འགྲན་གྱི་སྤྱི་ཁྱབ་ཅིང་ལི་ཉི་ཁོ·ཧྲི་ཐེ་ལེས་བཤད། འཇར་མན་གྱི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་པོའར་གྱིས་རང་ཉིད་ཀྱི་ལུས་རྩལ་གྱི་མྱོང་བ་དང་སྦྲགས་ནས“ངས་ཀྲུང་གོའི་ལུས་རྩལ་པའི་ས་ནས་ཤེས་བྱ་མང་པོ་ཤེས་བྱུང་། ཁོང་ཚོའང་དེ་ལྟར་ཡིན་པའི་ཡིད་ཆེས་ཡོད། ཛ་དྲག་ཆེ་ཤོས་ཀྱི་ལུས་རྩལ་འགྲན་བསྡུར་ཁྲོད་དུའང་རྒྱལ་ཁབ་མི་འདྲ་བའི་མི་རྣམས་ཕན་ཚུན་འབྲེལ་འདྲིས་དང་མཛའ་གྲོགས་ཆགས་ཐུབ་པ་དང་། དེ་ལས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ལ་ཁ་གཏད་གཅོག་པར་ཡང་བློ་སྐྱེད་འབྱུང་ངེས་རེད”ཅེས་བཤད།

ད་ཐེངས་ཀྱི་གླེང་སྟེགས་ཀྱིས་མིག་སྔའི་འཛམ་གླིང་གི་དུས་བབ་དང་ཀྲུང་འཇར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་དོན་དངོས་ལ་དམ་པོར་དམིགས་ནས་འབྲེལ་རྒྱུན་གཅོད་པར་ངོ་རྒོལ་དང་སྲུང་སྐྱོང་རིང་ལུགས་ལ་དོགས་ཟོན་བྱེད་པ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་ཆགས་ཡོད། “‘ངེས་པར་དུ་ཐོན་སྐྱེད་ཕྱིར་རྒྱུག་བྱེད་དུ་འཇུག་དགོས་ལ། ཐོན་སྐྱེད་དེ་འཇར་མན་དང་ཡོ་རོབ་ཏུ་ཕྱིར་ཁྱེར་དགོས’ཞེས་པའི་བསམ་ཚུལ་དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ང་ཚོས་སྒོ་དབྱེ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཙམ་མ་ཡིན་པར་གོ་ལ་ཧྲིལ་པོར་ཁ་ཕྱོགས་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་རོགས་ཟླ་གལ་ཆེན་ཞིག་ཡིན་པར་ཐེ་ཚོམ་བྱེད་དགོས་དོན་མེད”ཅེས་འཇར་མན་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་མཱ་སེར་ཧྥུའུ་ལ་ཚི་ཧྲེར་གྱིས་བཤད།

འཇར་མན་ཁེ་ལས་འབྲིང་ཆུང་གི་མངོན་མེད་རྩེར་སོན་སློབ་ཚོགས་ཀྱི་ཀྲུའུ་ཞི་ཝར་ཐེ·ཏུའོ་ལིན་གྱིས་ད་ལོའི་ཟླ་5པར་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་སླེབས་ཤིང་། ཁོང་གིས“འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་འཐུས་མི་70ཞུགས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་ཆེ་གྲས་གསུམ་པའི་འབྲེལ་རྒྱུན་གཅོད་པ་ལུགས་དང་མི་མཐུན་པས། ང་ཚོས་ངེས་པར་དུ་མཉམ་ལས་བྱེད་དགོས”ཞེས་བཤད། ཧྲང་ཧའེ་འཇར་མན་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཞ་ཅན་ཨན་གྱིས། དཀའ་ཚེགས་ཇི་ཙམ་ཆེ་བའི་དུས་སྐབས་སུ་དེ་ཙམ་གྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དུས་ངལ་མཉམ་སེལ་བྱེད་དགོས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ཧྲང་ཧའེ་འཇར་མན་ལྟེ་གནས་ཀྱིས་འཇར་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཕྱོགས་གཉིས་ཀྱི་ཁྲོམ་རར་ཞུགས་པར་ཞབས་འདེགས་ཞུས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན”ཞེས་བཤད།

ཀྲུང་འཇར་ཁེ་ལས་ཀྱི་རླངས་འཁོར་ཁྱབ་ཁོངས་ཀྱི་མཉམ་ལས་ནི་ད་ཐེངས་གླེང་སྟེགས་ཀྱི་གྲོས་གཞི་གལ་ཆེན་ཞིག་རེད། ཨོའུ་པའོ་རླངས་འཁོར་གྱི་དབུ་བཞུགས་ལག་བསྟར་དཔོན་དང་སི་ཐའེ་ལན་ཏི་སི་ཚོགས་པའི་འཇར་མན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཡིན་པའི་ཧྥུའུ་ལུའོ་ལི་ཨན·ཞུས་ཐེར་གྱིས། “ཡུན་རིང་མཉམ་ལས་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་ཚོགས་པ་དང་ཀྲུང་གོ་ལིང་ཕའོ་རླངས་འཁོར་ཀུང་སིའི་དབར་མ་རྩ་མཉམ་འཇོག་ཁེ་ལས་ལིང་ཕའོ་རྒྱལ་སྤྱི་བཙུགས་པར་གོ་ལ་ཧྲིལ་པོའི་ཕྱིར་འཚོང་བྱེད་ཚད་མགྱོགས་མྱུར་འཕར་ཡོད། ཨོའུ་པའོ་རླངས་འཁོར་ཀུང་སིས་ལིང་ཕའོ་རླངས་འཁོར་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་པོའི་ཚོགས་པས་རང་སོ་སོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་གསར་གཏོད་ལ་མཉམ་དུ་སྐུལ་མ་གཏོང་བཞིན་ཡོད”ཅེས་བརྗོད། (གནམ་ཕྱུག་རྒྱལ་དང་ཚེ་ཁོས་སྒྱུར་ཞུས་བྱས)