《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月09日

ཝུའུ་ལིང་རི་བོའི་ལྷོ་རྒྱུད་རིག་གནས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་སྦྲེལ་ཟམ་གསར་པ་བཏོད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཡུན་ནཱ།

ཉིན་ཤས་གོང་། ཀོང་ཏུང་རིག་གནས་ཡུལ་སྐོར་འཐུས་མི་ཚོགས་པས་ཨ་རིར་དབྱིང་ཀོ་ཞབས་བྲོ་དང་། སེང་རྩེད། དེང་རབས་ཟློས་གར་བཅས་འཁྲབ་སྟོན་བྱས་ཏེ། “ཝུའུ་ལིང་རི་བོའི་ལྷོ་རྒྱུད་ཀྱི་དར་སྲོལ”ལས་ཀྲུང་ཨ་རིག་གནས་ཡུལ་སྐོར་འབྲེལ་མཐུད་ལ་སྦྲེལ་ཟམ་གསར་པ་ཞིག་བཏོད་པར། དགའ་བསུ་ཆེན་པོ་ཐོབ་ཡོད། རུ་མི་རྣམས་ལའང་ལྕག་སྐུལ་ཆེན་པོ་ཐེབས་ཏེ། རྒྱལ་ནང་དུ་ལོག་རྗེས་ནང་སྦྱོང་བྱེད་པའི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་ཡོད། ཕུའུ་ཉིང་ཧྥུའུ་མེ་གཞོན་ནུ་དབྱིང་ཀོ་རུ་ཁག་གི་སྲོལ་གཏོད་མཁན་དང་སྤྱི་ཁྱབ་རྩལ་ཁྲིད་པ་ལི་ཅུན་ཧའོ་ཡིས། “ཚང་མས་ཕུའུ་ཉིང་གི་དབྱིང་ཀོ་ཞབས་བྲོ་དང་ཁྲའོ་ཧྲན་ས་ཁུལ་གྱི་རིག་གནས་ལ་དབང་བའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་ཇི་མ་ཇི་བཞིན་དུ་ཕྱི་རྒྱལ་གྱི་ལྟད་མོ་བར་སྟོན་འདོད་བྱེད་ཀྱི་འདུག”ཅེས་བརྗོད།

ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་ནང་ཧུར་ཐག་ཞུགས་པ་དང་འབྲེལ་སྐུལ་འདེད་ཀྱང་བཏང་ཡོད། ཀོང་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཕྱི་རྒྱལ་དུ་ངོ་མཚར་ཆེ་བའི་འཁྲབ་སྟོན་ཐེངས་མང་བྱས་ཏེ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཐུན་མིན་ཉམས་འགྱུར་ཕྱོགས་གང་ས་ཅི་ཐད་ནས་མངོན་པར་བྱས་ཏེ། རྒྱལ་སྤྱིར་ཝུའུ་ལིང་རི་བོའི་ལྷོ་རྒྱུད་རིག་གནས་ཀྱི་སྐད་གྲགས་ཆོད་ཤུགས་ཇེ་ཆེར་བཏང་བ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ། ཀོང་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་སྒྲིག་འཛུགས་འོག ཧྥུའུ་མེ་གཞོན་ནུ་དབྱིང་ཀོ་ཞབས་བྲོ་རུ་ཁག་ཨུ་རུ་སུའི་མོ་སི་ཁོ་སོགས་ས་ཁུལ་དུ་བསྐྱོད་དེ“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། དེ་ནི་ཀོང་ཏུང་གིས་དབྱིང་ཀོ་ཞབས་བྲོ་རྒྱལ་སྤྱིའི་དཔྱིད་གསར་དུས་ཆེན་གྱི་གར་སྟེགས་སུ་བསྟུད་མར་འཁྲབ་སྟོན་བྱེད་ཐེངས་གསུམ་པ་རེད།

ཧྲེན་ཀྲེན་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་ཞབས་བྲོ《ཡུང་ཁྲུན》གྱིས་མངོན་མིན་རིག་གནས་ཤུལ་བཞག་ཡུང་ཁྲུན་དྲག་རྩལ་དང་རིས་འབུར་གོས་ཆེན་གཉིས་བརྩམས་ཆོས་ནང་འདུས་ཏེ། སྐྱེ་བོ་ཕལ་པས་ཕུགས་འདུན་དོན་གཉེར་བྱེད་པའི་གཏམ་རྒྱུད་བརྗོད་ཡོད། 2026ལོའི་APEC“ཀྲུང་གོའི་ལོ”ཡི་གཙོ་གནད་རིག་གནས་བྱེད་སྒོ་ཡིན་པའི《ཡུང་ཁྲུན》དེ་ཉིད་ཟླ་7ཚེས་31ཉིན་ནས་ཟླ་8ཚེས་1ཉིན་བར་ཧན་གོ་ཨན་ཏུང་རིག་གནས་སྒྱུ་རྩལ་ཕོ་བྲང་དུ་འཁྲབ་སྟོན་ཐེངས་གཉིས་བསྟུད་མར་བྱས་པ་རེད།

ཧྲེན་ཀྲེན་གླུ་གར་ཁང་གི་ཏང་ཨུད་ཧྲུའུ་ཅི་དབྱང་ཅུན་གྱིས། “སྤ་སེ་བཙོངས་མ་ཐག་རྫོགས་སོང་། ཆེད་མངགས་རླངས་འཁོར་ཆུ་ཚོད་ཁ་ཤས་བཏང་ནས་ཨན་ཏུང་དུ་འཁྲབ་སྟོན་ལྟ་བར་ཡོང་མཁན་ཧྲོའར་གྱི་ལྟད་མོ་བ་ཡང་འདུག”ཅེས་ངོ་སྤྲོད་བྱས་པ་དང་། ལྟད་མོ་བ་མང་པོས་གར་སྟེགས་ཐོག་འཁྲབ་སྟོན་བྱས་པའི་ཕུགས་བསམ་དང་། འབད་འཐབ། རྒྱུན་འཛིན་བཅས་དོན་གཉེར་བྱེད་པའི་ནང་དོན་ཚོར་ཐུབ་ཀྱི་ཡོད། ད་ཆ། 《ཡུང་ཁྲུན》རྒྱལ་ཁབ་59ལ་བསྐྱོད་དེ་འཁྲབ་སྟོན་ཐེངས་337བྱས་ཤིང་། ལྟ་མཁན་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་46ཟིན་གྱི་ཡོད་པ་རེད།

ཝུའུ་ལིང་རི་བོའི་ལྷོ་རྒྱུད་ཀྱི་རིག་གནས་ཕྱི་རྒྱལ་དུ་སྐད་གྲགས་ཆོད་པ་དེས་ཀྲུང་ཕྱིའི་མི་ཆོས་རིག་གནས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་ལ་གསོན་ཤུགས་སྦྱིན་ཡོད་པ་རེད།

ཉེ་ཆར། ཀོང་ཏུང་ཤར་རྒྱུད་དུ་གནས་པའི་ཅེ་དབྱང་གྲོང་ཁྱེར་རྦད་དེ་སྐད་གྲགས་ཆོད་ནས་དེར་ཡུལ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མཚམས་ཆད་རྒྱུ་མེད། སྣང་ཚུལ་དེ་འདྲ་ཞིག་ཐོན་པའི་རྒྱུ་མཚན་གཙོ་བོ་ནི་གློག་བརྙན《རྨོ་བོ་ལགས་ལ་སྤྲིངས་པའི་ཡི་གེའི》ཤུགས་རྐྱེན་ཐེབས་པས་ཡིན། ཁྲའོ་ཧྲན་རིག་གནས་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་མོ་འདུས་པའི་གློག་བརྙན་དེ་རྒྱལ་ནང་ཙམ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་ཁུལ་དུའང་སྐད་གྲགས་ཆོད་པ་དང་འབྲེལ། ཧྥ་རན་སེའི་ཀ་ན་རུའང་བསྟན་པ་རེད།

གློག་བརྙན་དེ་དང་བསྟུན་ནས། ཅེ་དབྱང་གིས“ཕྱིར་སྡོད་རང་མི་སྦྲེལ་ཟམ་དུ་བྱེད་པ་དང་། རིག་གནས་ལ་བརྟེན་ནས་ལས་རིགས་དར་བའི”རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། ཅེ་དབྱང་གནའ་གྲོང་ནུབ་རྒྱུད་གཞུང་ལམ་ལམ་མདོར་གློག་བརྙན་ནང་མངོན་པའི་གནའ་བོའི་ཉམས་འགྱུར་སླར་གསོ་བྱས་ཡོད། ཅེ་དབྱང་གནའ་གྲོང་འཛུགས་སྐྲུན་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིན་ཞའོ་ཏུང་གིས“གནའ་གྲོང་དུ་ཉིན་རེར་ཆ་སྙོམས་འགྲུལ་རྒྱུན་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ཞིང་། ད་ལོའི་བདུན་པའི་ཚེས་བདུན་དུས་ཆེན་ཉིན་མི་ཐེངས་ཁྲི་7ལས་བརྒལ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

ཤིས་ཆི་གྲོང་ཚོས་དུས་བབ་དང་བསྟུན་ནས་བྱ་སྤྱོད་སྤེལ་ཞིང་། རྡོ་གཅལ་ཟམ་པའི་འགྲམ་དུ་ཕྱིར་སྡོད་རང་མིའི་ཡིག་དངུལ་གྱི་བརྗོད་དོན་གཙོ་བོའི་ས་ཚུགས་བཙུགས་ནས། ཡུལ་སྐོར་བས་གློག་བརྙན་དང་མངོན་སུམ་གྱི་བར་མཐོངས་གཉིས་སུ་འགྲོ་སྐྱོད་ཐུབ་པར་བྱས་ཡོད། ཤིས་ཆི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཡིའུ་ཁུན་གྱིས“རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཧ་ཅང་མང་པོ་འདུག གཟའ་མཇུག་སོགས་དུས་ཆེན་དང་ངལ་གསོའི་སྐབས་སུ། ཉིན་གཅིག་ལ་ཡུལ་སྐོར་བ་བཞི་སྟོང་ནས་ལྔ་སྟོང་བར་ཟིན་གྱི་འདུག མི་མང་པོས་གློག་བརྙན་བརྒྱུད་ཁྲའོ་ཧྲན་ཕྱིར་སྡོད་རང་མིའི་རིག་གནས་ཤེས་རྟོགས་ཐུབ་ཡོད”ཅེས་བརྗོད།

རི་མཚོས་ཆོད་ཀྱང་རིག་གནས་ཕན་ཚུན་སྦྲེལ་ཞིང་། ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཝུའུ་ལིང་རི་བོའི་ལྷོ་རྒྱུད་ཀྱི་རིག་གནས་དེ་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ནས། རི་མཚོ་བརྒལ་བའི་སྦྲེལ་མཐུད་ཁྲོད་དུ་རྒྱུན་ཆད་མེད་པར་མཚོན་ཚུལ་གསར་པ་འཚོལ་ཞིབ་བྱེད་བཞིན་མཆིས།

(ཕུར་སྒྲོན་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)