རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཅོར་ཏན་ཧ་ཤིས་མུའུ་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཁྲི་ཐོག་གཉིས་པ་ཨ་པུའུ་ཏུའུ་ལཱ་ཡིས་ཟླ་8ཚེས་18ནས་24ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཁྲི་ཐོག་གཉིས་པ་ཨ་པུའུ་ཏུའུ་ལཱ་དང་གྲོས་མོལ་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད། རྒྱལ་པོ་ཁྲི་ཐོག་གཉིས་པ་ཨ་པུའུ་ཏུའུ་ལཱ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་རེད། ད་རེས་ཀྱི་འཚམས་འདྲི་ནི་ཁོང་ཁྲི་ལ་འཁོད་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དགུ་པ་དེ་རེད། 2015ལོར་ཀྲུང་གོར་འཚམས་འདྲི་གནང་རིང། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཅོར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ད་ཐེངས་རྒྱལ་པོས་ཀྲུང་གོར་འཚམས་འདྲི་གནང་བ་དེ་ནི་ཀྲུང་ཅོར་གྱི་སྲོལ་རྒྱུན་མཛའ་གྲོགས་བྱ་གཞག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་རྗེས་འཚམས་འདྲི་གནང་ཐེངས་གལ་ཆེན་ཞིག་རེད། དབུས་ཤར་ས་ཁུལ་གྱི་དུས་བབ་རྒྱུན་མཐུད་རྙོག་འཛིང་ཆེ་ལ་འགྱུར་ལྡོག་འགྲོ་བའི་རྒྱབ་ལྗོངས་འོག་རྒྱལ་པོ་ཁྲི་ཐོག་གཉིས་པ་ཨ་པུའུ་ཏུའུ་ལཱ་ནི་ད་ལོ་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་ཞུས་པའི་ཨ་རབ་རྒྱལ་ཁབ་ཀྱི་གཙོ་བདག་དང་པོ་དེ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་རྒྱུ་རེད།
ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་མཛའ་མཐུན་གྱི་བརྗོད་དོན་གཙོ་བོ་གཏན་འཁེལ་བྱས་ཤིང་། ཕྱི་འབྲེལ་བཙུགས་ནས་ལོ་49སོང་རིང་། ཀྲུང་གོ་དང་ཅོར་ཏན་དབར་ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཅོར་ཏན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་། ཅོར་ཏན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར། ཧ་ཤིས་མུའུ་ཁྱིམ་རྒྱུད་ཀྱིས་ཡེ་ལུའུ་ས་ལེམ་གྱི་དབྱི་སི་ལམ་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱི་ཁྱད་འཕགས་གནའ་ཤུལ་གྱི་ལྟ་སྐུལ་བྱེད་དབང་ལ་རྒྱབ་སྐྱོར་བྱས་ཡོད། ཀྲུང་ཅོར་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལངས་ཕྱོགས་གཅིག་མཐུན་ཡིན་ཞིང་། རྒྱལ་ཁབ་གཉིས་པོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། ཕ་ལེ་སི་ཐན་དང་ཨ་རབ་མི་རིགས་ཀྱི་དྲང་བདེན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར། ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་སྲུང་སྐྱོང་ཧུར་ཐག་བཅས་བྱས་ཏེ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་བཞིན་ཡོད།
གཉིས་ཁེ་གཉིས་ཕན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཉམ་སྒྲོག་རོལ་དབྱངས་དཀྲོལ་ཞིང་། ཉེ་བའི་ལོ་ཤས་རིང་། ཀྲུང་ཅོར་གྱི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། 2025ལོར་ཀྲུང་གོ་འདི་ཉིད་ཅོར་ཏན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་25.8ཙམ་ཟིན་པ་དེ་དུས་མཚུངས་ལས་30%ལྷག་ཙམ་འཕར་བ་དང་འཕེལ་རྒྱས་འགྲོ་ཤུགས་ཆེན་པོ་ཡོད་པ་རེད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་དེ་ཚོང་དོན་མ་འཇོག་དང་། ནུས་རྒྱུ། གཏེར་རྫས། ཡུལ་སྐོར། སློབ་གསོ། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་འཕེལ་རྒྱས་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། སྔོན་ཐོན་བཟོ་སྐྲུན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཅོར་ཏན་གྱི་དཔལ་འབྱོར་དེང་རབས་ཅན་གྱི་ཕུགས་འདུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བསྐྱོད་རྩིས་ཡོད་པ་རེད།
མཐུན་སྒྲིལ་མཉམ་ལས་བྱས་ནས་ཞི་བདེའི་སྒྲ་དབྱངས་གྲགས་པར་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་ལ་ཅོར་ཏན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་བའི་ཐད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དགོངས་འཆར་བཞིར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་བྱས་ཏེ་ཞི་བདེ་ལས་དམག་འཁྲུག་མི་དགོས་པ་དང་མཉམ་ལས་ལས་འགྲན་རྒོལ་མི་དགོས་པ་དར་སྤེལ་གཏོང་དགོས། དབུས་ཤར་ས་ཁུལ་གྱི་ཡོ་ལང་མདུན་དུ་ཀྲུང་ཅོར་གྱིས་ཆབ་སྲིད་ཐད་སྐད་ཆ་ཤོད་རེས་བྱེད་པར་བརྟེན་ནས་འགལ་ཟླ་དང་མི་མཐུན་པའི་ཆ་སེལ་བ་དང་། ཨ་རབ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རང་འབད་ལ་རྒྱབ་སྐྱོར་བྱེད་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བཅས་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྔ་ཙམ་སླར་གསོ་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།
ཀྲུང་གོ་དང་ཅོར་ཏན་གཉིས་ནི་ཨེ་ཤེ་ཡའི་ཤར་སྣེ་དང་ནུབ་སྣེར་གནས་པ་དང་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལོ་ངོ་2000ལྷག་ཙམ་གོང་ཅོར་ཏན་གྱི་ཕེ་ཐེ་ལཱ་གནའ་གྲོང་ནི་གནའ་བོའི་དར་གོས་ལམ་བུའི་ཚོང་དོན་ལྟེ་གནས་ཤིག་ཡིན་པ་དང་། ཀྲུང་ཧྭའི་ཤེས་དཔལ་དང་ཨ་རབ་ཀྱི་ཤེས་དཔལ་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་ཐུབ་པར་དཔང་པོ་བྱེད་ཀྱི་ཡོད། ད་ཆ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། མཛའ་གྲོགས་རྒྱུན་མཐུད་དང་གསར་འབྱེད་ཡར་བརྩོན་གྱིས་ཀྲུང་ཅོར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་རེད།
(རྩོམ་པ་པོ་ནི་ཅོར་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
(ཉི་དོན་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)