འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བཀྲམ་པའི《འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲའི་ལག་བསྟར་ཇུས་གཞིའི》ནང“1+N”ཡི་འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲའི་མ་ལག་མགྱོགས་མྱུར་སྐྲུན་དགོས་ཞེས་བཏོན་ཡོད། 2030ལོར་སླེབས་སྐབས། ས་ཁོངས་ལས་བརྒལ་བ་དང་ས་ཐག་རིང་བའི་འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲའི་ལམ་ཐིག་གཞི་རྩའི་ཆ་ནས་གྲུབ་པར་བྱེད་པ་དང་། ལམ་ཡག་ཚད་ཆ་སྙོམས་ཀྱི་ཆུ་ཚད་ལས་མཐོ་བ། ལེ་ལག་ཚང་བའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ལམ་རྒྱུད་དག་འཁོར་གཏོང་ཕྱིར་སྐྱོད་བྱེད་སའི་གྲགས་ཅན་དམིགས་སར་འགྱུར་བ་བཅས་བྱས་ཏེ་དྲ་རྒྱ་ཅན་དང་། མ་ལག་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་རགས་ཙམ་ཡོང་བར་བྱ་རྒྱུ་ཡིན་པ་རེད།
ཇུས་གཞི་གཞིར་བཟུང་། འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྤྱི་འདོམས་སྐུལ་འདེད་གཏོང་བའི་འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲ་དེ་རྒྱལ་ལམ་དཀྱུས་མ་གཙོ་བོར་བྱས་ནས“སྤྱིའི་བགྲོད་ལམ་བརྟན་པོ་རྒྱུན་འཁྱོངས་དང་། ས་ཁོངས་གལ་ཆེན་དུ་ལམ་ཕྲན་བཟོ་བ། ལམ་རྒྱུད་ཁག་གཅིག་ལ་གང་ས་གང་ནས་འགྲོ་ས་ཡོད་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་6ཙམ་ཟིན་པའི“གསུམ་སྐོར་དང་། འཕྲེད་བཞི། གཞུང་ལྔ”བཅས་ཀྱི་འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲའི་སྒྲོམ་གཞི་གཙོ་བོ་ཆགས་པར་བྱ་རྒྱུ་རེད། “གསུམ་སྐོར”ནི་མཐའ་རྒྱུད་དང་མཚོ་རྒྱུད་ཀྱི་སྐོར་ལམ་དང་། རྒྱལ་སའི་གྲོང་ཁྱེར་སྐོར་ལམ། མཚོ་སྔོན་དང་ཀན་སུའུ་སྐོར་ལམ་བཅས་ཀྱི་འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲ་གསུམ་ཡིན་པ་དང་། “འཕྲེད་བཞི”ནི་ལྕགས་རི་རིང་པོའི་རིག་གནས་དང་། རྨ་ཆུའི་རིག་གནས། འབྲི་ཆུའི་རིག་གནས། ནུབ་རྒྱུད་གངས་ལྗོངས་མཁའ་ལམ་བཅས་འཁོར་གཏོང་ཡུལ་སྐོར་གཞུང་ལམ་རྩེ་གྲ་བཞི་ཡིན་པ། “གཞུང་ལྔ”ནི་མི་བཟོས་གཙང་པོ་ཆེན་པོའི་རིག་གནས་དང་། ཧྭ་ཏུང་འཛམ་གླིང་ཤུལ་བཞག དབུས་རྒྱུད་མཛེས་པའི་རི་ཀླུང་། རྒྱང་སྐྱོད་རིག་གནས། གནའ་ལམ་སྦས་ཡུལ་བཅས་འཁོར་གཏོང་ཡུལ་སྐོར་གྱི་གཞུང་ལམ་རྩེ་གྲ་ལྔ་ཡིན་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)