《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月19日

བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་འཚོགས་པ།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ལ་གདེང་འཇོག་ཆེན་པོ་གནང་བ་དང་། བློ་མཐུན་ཅང་ཙེ་མིན་གྱི་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་གཏིང་ཟབ་ཞུས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས་པའི་འབོད་སྐུལ་གནང་བ། ལི་ཆང་གིས་གཙོ་སྐྱོང་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་པ།

ཟླ་8ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་ཆེན་གཟབ་རྒྱས་འཚོགས་ནས། རླབས་ཆེའི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན་བཅས་དང་དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་8ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་ཆེན་གཟབ་རྒྱས་འཚོགས་ནས། རླབས་ཆེའི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན་བཅས་དང་དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་ཆེན་གཟབ་རྒྱས་འཚོགས་ནས། རླབས་ཆེའི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན་བཅས་དང་དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་བློ་མཐུན་ཅང་ཙེ་མིན་གྱི་མཛད་རྗེས་རླབས་པོ་ཆེར་རྗེས་དྲན་ཟབ་མོ་ཞུ་བ་དང་བློ་མཐུན་ཅང་ཙེ་མིན་གྱི་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་གཏིང་ཟབ་ཞུས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་རྒྱུར་ལྕག་སྐུལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཚོགས་ཆེན་ལ་ཞུགས་པ་རེད།

མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པ་སྒམ་ནན་བརྗིད་ཉམས་ཆེ་ཞིང་། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ“བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དབུས་སུ་བློ་མཐུན་ཅང་ཙེ་མིན་གྱི་སྐུ་པར་ཆེན་པོ་བཀལ་ཡོད་པ་དེའི་འོག་ཏུ“1926-2026”ཅེས་པའི་ཨང་རྟགས་བཀལ་ཡོད། ཐོག་སོ་གཉིས་པའི་གཟིགས་སྟེགས་སུ་སྦྱར་ཡིག“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པ་བཀལ་ཡོད།

སྔ་དྲོའི་ཆུ་ཚོད་10པར། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཚེ་ཧྲིལ་པོ་ནི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་དང་འཐབ་འཛིང་གི་སྐུ་ཚེ་ཧྲིལ་པོ་ཞིག་རེད། ཁོང་གིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་ཡོང་བའི་བརྩོན་ལེན་བྱ་ཆེད་ཐུགས་ནུས་ཡོད་རྒུ་ལེགས་སྐྱེས་སུ་ཕུལ་བ་དང་ཚེ་གང་འབད་བརྩོན་ལྷོད་མེད་གནང་ཡོད། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་སྲོལ་གཏོད་དང་ཏང་འཛུགས་སྐྱོང་ལ་འགོ་ཁྲིད་དང་སྐུལ་འདེད་བཏང་གནང་བར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རིམ་གསར་པ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པ། མི་དམངས་ཀྱི་འཚོ་བ་སྤྱི་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་དུས་རབས་ཉེར་གཅིག་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་བར་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྙིང་དབུས་ནས་གུས་བཀུར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ངོ་70ལྷག་ཙམ་གྱི་གསར་བརྗེའི་ལོ་རྒྱུས་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བའི་རླབས་ཆེའི་ལག་ལེན་ཁྲོད། བློ་མཐུན་ཅང་ཙེ་མིན་གྱིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་གྱི་ཐབས་མཆོག་ཇུས་ཆེན་དང་། འགག་རྩའི་ནུས་པ། འགོ་ཁྲིད་ཀྱི་ཐབས་རྩལ་བཅས་གང་ལེགས་མངོན་པར་མཛད་པས། ང་ཚོས་ནམ་ཡང་སློབ་སྦྱོང་བྱེད་རིན་ཡོད་པ་དང་ནམ་ཡང་ང་ཚོར་སྐུལ་མ་ཐེབས་པའི་བླ་ན་མེད་པའི་ཉམས་བཟང་མངོན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཐད་བློ་རྩ་བརྟན་པོ་དང་། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བཅས་གནང་ཡོད། ང་ཚོས་ཁོང་གི་བྲག་ལྟར་བརྟན་པའི་ཆབ་སྲིད་ཀྱི་དད་སེམས་ལ་སློབ་སྦྱོང་ཞུས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་དང་། གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་མོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་གདེང་ཚོད་བཅས་བརྟན་དུ་གཏོང་བ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཅང་ཙེ་མིན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་སྟེ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་བཙུགས་ཏེ་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་ཡོད། ང་ཚོས་ཁོང་གིས་དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས་ཟབ་མོར་སློབ་སྦྱོང་ཞུས་ཏེ་རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་། མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། སྤྱི་ཞབས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པ་བཅས་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱིས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་ཀྱིས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་ལག་ལེན་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་ཁག་གི་གསར་གཏོད་གཞན་དག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་གནང་ཡོད། ང་ཚོས་ཁོང་གི་དུས་བསྟུན་འཕེལ་རྒྱས་ཀྱི་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཅང་ཙེ་མིན་ནི་གཟིགས་རྒྱང་རིང་ལ་དུས་གནས་རྟོགས་དཔྱོད་མཁས་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ནས་གནད་དོན་ལ་ལྟ་ཞིབ་དང་བསམ་གཞིག་གནང་མཁས་པས། འཛམ་གླིང་ལ་ཕྱོགས་ཤིང་འབྱུང་འགྱུར་ལ་དམིགས་པའི་ཐབས་ཇུས་གལ་ཆེན་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་གནང་ཡོད། ང་ཚོས་ཁོང་གི་ཐུགས་དཀྱེལ་ཆེ་ལ་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དགོངས་པར་སློབ་སྦྱོང་ཞུས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ་དང་། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་དྲང་ནུས་དེ་བས་མང་བ་སྣོན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱིས་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དང་འགག་རྩའི་དུས་སུ་ཐུགས་ཐག་ཆོད་པོས་ཇུས་ཐག་བཅད་གནང་བ་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནན་འཇལ་གནང་བ་མ་ཟད། དཀའ་ངལ་དང་ཉེན་ཁ་ཁྱད་བསད་མཐའ་གཅིག་ཏུ་གནང་སྟེ་དེང་རབས་ཅན་འཛུགས་སྐྲུན་ཆེད་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་དང་ཁོར་ཡུག་བཟང་པོ་བཏོད་གནང་ཡོད། ང་ཚོས་ཁོང་གི་བློ་རྩ་བརྟན་ཞིང་ཐུགས་ཐག་ཆོད་པའི་སྤྱིར་བཏང་མིན་པའི་བློ་གྲོས་ལ་སློབ་སྦྱོང་ཞུས་ཏེ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞིག་འཛུགས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱེད་པ། ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་ཁྱད་དུ་འཕགས་པའི་འཐབ་རྩོད་ཀྱི་འཇོན་ཐང་ལ་བརྟེན་ནས་ཛ་དྲག་དང་རྙོག་འཛིང་ཆེ་བའི་ཚོད་བགམ་ཆེན་པོར་ཁ་གཏད་ཧུར་ཐག་གཅོག་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡུན་རིང་གི་དཀའ་སྤྱད་འབད་འཐབ་བརྒྱུད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་ཕྱིན་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོ་བརྟན་ལྷིང་ཞི་མཐུན་བྱུང་ཞིང་། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མདུན་ལམ་འོད་ཟེར་ལྡན་པ་དང་མི་རབས་ཁ་ཤས་ཀྱིས་འགྱུར་མེད་འབད་འཐབ་ལྷོད་མེད་བྱས་པའི་ཕུགས་འདུན་རིམ་བཞིན་མངོན་འགྱུར་འབྱུང་བཞིན་ཡོད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། གདེང་ཚོད་བརྟན་དུ་གཏོང་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱས་ཐོག ཀྲུང་གོ་མི་དམངས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་གཏོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེ་བས་བརྗིད་ཆགས་ཉམས་དགའ་བའི་ལེའུ་རྩོམ་དགོས།

ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཅང་ཙེ་མིན་གྱི་འོད་སྟོང་འཕྲོ་བའི་འཐབ་འཛིང་གི་སྐུ་ཚེ་ཧྲིལ་པོར་ཕྱིར་དྲན་དང་། བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ལ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ལ་གདེང་འཇོག་ཆེན་པོ་གནང་བ། བློ་མཐུན་ཅང་ཙེ་མིན་གྱི་བླ་ན་མེད་པའི་ཉམས་བཟང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡུས་བཅས་གནང་སྟེ། བློ་མཐུན་ཅང་ཙེ་མིན་གྱི་བྲག་ལྟར་བརྟན་པའི་ཆབ་སྲིད་ཀྱི་དད་སེམས་དང་། དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་བ་ཟབ་མོ། དུས་བསྟུན་འཕེལ་རྒྱས་ཀྱི་གསར་གཏོད་སྙིང་སྟོབས། ཐུགས་དཀྱེལ་ཆེ་ལ་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དགོངས་པ། བློ་རྩ་བརྟན་ཞིང་ཐུགས་ཐག་ཆོད་པའི་སྤྱིར་བཏང་མིན་པའི་བློ་གྲོས་བཅས་ལ་སློབ་སྦྱོང་ནན་ཏན་ཞུ་དགོས་པའི་ནན་བཤད་གནང་ཡོད། གསུང་བཤད་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཀྱི་སྒྲའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།

ཚོགས་ཆེན་ལ་ཞུགས་མཁན་གྲས་སུ་ད་དུང་། ཝང་དབྱི་དང་། དབྱིན་ལི། ཧྲི་ཐའེ་ཧྥུང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། དབུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་གོ་གནས་ནས་ཕྱིར་འཐེན་གནང་བའི་བློ་མཐུན་བཅས་ཡོད་པ་རེད།

ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེ་དང་དེ་སྔ་སྐུ་འགྲམ་གྱི་ལས་དོན་པ་དང་ཕ་ཡུལ་གྱི་འཐུས་མི། ཅང་ཙེ་མིན་གྱི་སྐུ་ཚེ་ཧྲིལ་པོ་དང་དགོངས་པའི་བགྲོ་གླེང་ཚོགས་འདུར་ཞུགས་མཁན་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་མི་6000ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

ཚོགས་ཆེན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེར་བྱམས་བརྩེའི་མཇལ་འཕྲད་གནང་བ་མ་ཟད་ཁོང་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། (བསྟན་བཟང་དང་སྒྲོན་ལགས་ཀྱིས་བསྒྱུར། བསྟན་བློ་དང་ཚེ་སྒྲོལ་གྱིས་ཞུས)