ཉེ་ཆར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཕོ་སིའི་ཚོགས་འདུ་ཨོ་སི་ཁྲུ་ལི་ཡའི་ཕོ་སི་རུ་འཚོགས་ཤིང་། ཀྲུང་གོ་དང་། ཨོ་སི་ཁྲུ་ལི་ཡ། ཀ་པོན། ནེའུ་ཙི་ལན། ཐེ་ལན། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱི་སྲིད་ཕྱོགས་ཚོང་དོན་རིག་གཞུང་ལས་རིགས་དང་དེ་བཞིན་ཐོན་ལས་ལས་རིགས་ཀྱི་འཐུས་མི་200ལྷག་ཙམ་གྱིས“ལྗང་མདོག་ཕྱོགས་སྒྱུར། མི་དང་སའི་གོ་ལའི་ཐུན་མོང་གི་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ་མཉམ་ལས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱས་པ་རེད།
“གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་གྱི་འཕེལ་ཕྱོགས་ཆེན་པོ་ལྡོག་ཐབས་བྲལ་ཡོད”
ཚོགས་ཞུགས་མི་སྣས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་གྱི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ནས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གནམ་གཤིས་འགྱུར་ལྡོག་དང་ས་ཁུལ་གྱི་གདོང་ཐུག་སོགས་འགྲན་སློང་མང་པོར་ཕྱོགས་སྐབས་རྒྱལ་ཁབ་ཁག་གིས་ལྗང་མདོག་ཕྱོགས་སྒྱུར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།
པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་དྲུང་ཆེ་ཀྲང་ཅུན་གྱིས་ཤིས་ཚིག་སྒྲོན་སྐབས། ཕྱོགས་ཁག་གིས་བྱ་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ལྗང་མདོག་ཐོན་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལེགས་ཆ་གསབ་རེས་དང་། མཉམ་ཤུགས་འདོན་པ། ཐུན་མོང་ལ་ཁེ་ཕན་ཐོབ་པ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། བཅོས་སྐྱོང་གི་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་བྱས་ཏེ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་དགོས། དྲང་གཞག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལྗང་མདོག་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱས་ཏེ་ཕྱོགས་ཁག་གིས་ལྗང་མདོག་ཕྱོགས་སྒྱུར་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།
ཨོ་སི་ཁྲུ་ལི་ཡའི་ཕུའུ་ཏེ་ཧྲི་ཧོ་ཚོགས་པའི་ལག་བསྟར་ཏུང་ཧྲི་ཀྲང་དང་གསར་གཏོད་པ་ཨན་ཏེ་ལུའུ·ཕུའུ་རུའེ་སི་ཐེ་ཡིས་ཨོ་ཀྲུང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཕུའུ་ཏེ་ཧྲི་ཧོ་ཚོགས་པ་ཚུད་པའི་ཁེ་ལས་མང་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་སོགས་ལས་སྟེགས་བརྒྱུད་སྒོ་དབྱེ་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་བྱེད་པ་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ལ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་གཏོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོའི་ཉམས་མྱོང་མང་པོ་ཞིག་ང་ཚོས་དཔྱད་གཞིར་འཛིན་རིན་ཡོད་པ”
ཚོགས་ཞུགས་སྐུ་མགྲོན་ཚོས། ནུས་རྒྱུའི་བདེ་འཇགས་སོགས་ཀྱི་འགྲན་སློང་དང་དེ་བཞིན་ནུས་རྒྱུ་ཕྱོགས་སྒྱུར་གྱི་གོ་སྐབས་ཆེན་པོར་ཕྱོགས་སྐབས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ཚུད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྒྱལ་ཁབ་ཀྱིས་ས་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཚད་ཤིང་དང་དཔེ་སྟོན་ནུས་པ་ཆགས་པར་བྱེད་དགོས་པའི་ངོས་འཛིན་རྒྱ་ཁྱབ་བྱེད་ཀྱི་ཡོད་པ་རེད།
ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལས་རོགས་པུའུ་ཀྲང་ཀེར་མན་གྱིས། ཨོ་ཀྲུང་གི་དཔལ་འབྱོར་ཚད་མཐོའི་གསབ་རེས་དང་ཕྱོགས་གཉིས་པོའི་མཉམ་ལས་དེ་ལྗང་མདོག་ཐོན་ལས་ཕྱོགས་སུ་རྒྱ་སྐྱེད་འགྲོ་བཞིན་ཡོད། ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་ངར་ལྕགས། ལྗང་མདོག་ལས་ཞུགས་བཅས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཕྱོགས་ཁག་གིས་དེ་བས་དྭངས་གཙང་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་སུའུ་ལ་ཅེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལྗང་མདོག་ཕྱོགས་སྒྱུར་གྱིས་འགྱུར་བྱུང་ནུས་རྒྱུར་བརྟེན་ཤུགས་ཆུང་དུ་བཏང་ནས་དཔལ་འབྱོར་འཕར་གཞི་བརྟན་པོ་ཡོང་བར་ཕན་པ་ཡོད། ཀྲུང་གོས་ཁྱབ་ཁོངས་དེའི་ནང་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ལྗང་མདོག་ཕྱོགས་སྒྱུར་གྱི་མཉམ་ལས་མ་ལག་བཙུགས་པ་ནི་ས་ཁོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྤྱོད་འཐུས་ཐབས་ལམ་ཞིག་རེད་ཅེས་བརྗོད་པ་རེད།
“ལག་རྩལ་གསར་གཏོད་ལ་བརྟེན་ནས་ཕུགས་ཕན་ལྗང་མདོག་འཕེལ་རྒྱས་ཡོང་བར་བྱེད་པ”
ཚོགས་འདུའི་ཐོག་ད་དུང“ལྗང་མདོག་ཐོན་ལས་འཕར་བའི་འགག་རྩའི་སྒུལ་ཤུགས་ཏེ། གསར་གཏོད་དང་། མི་ཐབས་རིག་ནུས། དངུལ་རྩའི་མཉམ་ལས”སོགས་ཀྱི་བརྗོད་གཞིའི་སྐོར་གྲལ་སྒོར་ཚོགས་འདུར་གྲོས་བསྡུར་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད་པས་གྲངས་འཛིན་ཅན་དང་ལྗང་མདོག་ཕྱོགས་སྒྱུར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་ཐབས་རིག་ནུས་དེ་ལྗང་མདོག་ཕྱོགས་སྒྱུར་གྱི་མྱུར་ཆས་སུ་གྱུར་པ་དང་ཐོན་ལས་ཐཱན་ཉུང་ཕན་འཕར་ལ་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པས་མཐུན་རྐྱེན་སྦྱོར་བ་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་རྒྱ་ཁྱབ་ངང་བྱས་པ་རེད།
ཕུའུ་རུའེ་སི་ཐེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “མི་རིང་བའི་གོང་། ངས་ཧྲང་ཧའེ་རུ་འཚོག་པའི་2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུར་ཞུགས་པ་ཡིན། མི་ཐབས་རིག་ནུས་ལ་བརྟེན་ནས་མིའི་རིགས་ལ་བདེ་སྐྱིད་དེ་བས་ཆེན་པོ་སྐྲུན་པའི་འདུ་ཤེས་ལ་ངས་མོས་མཐུན་ཆེན་པོ་བྱེད་ཀྱི་ཡོད། མི་ཐབས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་གོ་སྐབས་ཆེན་པོ་འཕྲད་ཡོད་ལ། བཅོས་སྐྱོང་གི་འགྲན་སློང་ཡང་འཕྲད་ཡོད། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་གྲངས་གཞིའི་ལྟེ་གནས་དང་མི་ཐབས་རིག་ནུས་སོགས་འབྲེལ་ཡོད་ཐོན་ལས་ལྗང་མདོག་ནུས་རྒྱུའི་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་བརྗོད་པ་རེད།
(འདི་ག་ཚགས་པར་ཁང་དུ་ཨོ་སི་ཁྲུ་ལི་ཡའི་ཕོ་སི་ནས་ཟླ་7ཚེས་29ཉིན་འབྱོར་བའི་གློག་འཕྲིན)
(བདེ་སྐྱིད་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)