《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月01日

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་བརྗོད་དོན།

ཐའེ་དབན་ཕྱོགས་ཀྱིས་ངོགས་གཉིས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་ལ་ལུགས་དང་མ་མཐུན་པར་ཚོད་འཛིན་བྱས་རིགས་གང་མགྱོགས་མེད་པ་བཟོ་རྒྱུའི་རེ་བ་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་དྲི་བར་ལན་འདེབས་སྐབས་སྤུན་ཟླ་ཐའེ་དབན་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་གྲས་ཤིག་རེད། རང་རེའི་ཀྲུང་ཧྭ་ལ་དགའ་བ་ནི་སེམས་གཏིང་ནས་བཅངས་པའི་བརྩེ་བ་ཞིག་རེད། “ཀྲུང་གོར་ངོ་རྒོལ་དང་ཀྲུང་གོར་འགོག་རྒོལ་བྱེད་པ”ནི་མི་གཤིས་དང་འགལ་བའི་ཆབ་སྲིད་ཀྱི་གཡོ་ཐབས་ཤིག་ཡིན་པས། དེ་ལམ་ལྷོངས་ཡོང་མི་སྲིད་ལ་ཡུན་རིང་གནས་ཀྱང་མི་ཐུབ་ཅེས་བརྗོད།

ཉེ་བའི་དུས་ཚོད་ནང་ཐའེ་དབན་གྱི་དམངས་ཚོགས་སྐམ་ས་ཆེན་པོར་ཡུལ་སྐོར་དུ་ཡོང་བའི་ཚ་རླབས་ཤིག་འཕྱུར་ཡོད། ཁྲེན་པིན་ཧྭ་ཡིས་འབྲེལ་ཡོད་གནད་དོན་ལ་ལན་འདེབས་སྐབས་སྐམ་ས་ཆེན་པོའི་རིག་གནས་ཡུལ་སྐོར་ཐོན་ལས་ལེ་ལག་འཐུས་སྒོ་ཚང་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། མྱུར་བགྲོད་ལྕགས་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ། ཞག་སྡོད་དང་། བཟའ་བཏུང་། ལྟ་སྐོར་སོགས་སྤྱི་པའི་ཞབས་ཞུའི་མ་ལག་ཆ་ཚང་པོ་ཡོད། མི་རིགས་མང་པོའི་རིག་གནས་མཉམ་འདྲེས་བྱུང་ནས་ཕན་ཚུན་འོད་མདངས་འཕྲོ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་དང་། ཁྱད་ལྡན་ཞིམ་ཟས། དམངས་སྲོལ་བྱེད་སྒོ་བཅས་ངོ་མཚར་ཆེ་བས་ཡུལ་སྐོར་དང་རིག་གནས་ཞིབ་སློབ་སོགས་ཀྱི་ནུས་པ་མང་པོ་གཅིག་ལྕོགས་སུ་ལྡན་ཡོད། ང་ཚོས་སྤུན་ཟླ་ཐའེ་དབན་བ་ཚོ་ཡུལ་སྐོར་ལ་མང་ཙམ་ཕེབས་རྒྱུར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། རི་ཀླུང་གྲགས་ཅན་སྐོར་བ་དང་། ལོ་རྒྱུས་གནའ་ཤུལ་ལ་འཚོལ་ཞིབ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་བདེན་དཔང་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པའི་སྤོབས་སེམས་ཆེ་རུ་གཏོང་རྒྱུའི་རེ་བའང་ཡོད་ཅེས་བརྗོད་པ་རེད།

དབྱར་ཁའི་གུང་གསེང་རིང་འབྲེལ་ཡོད་མཁའ་འགྲུལ་ཀུང་སིས་ངོགས་གཉིས་ཀྱི་དུས་གཏན་གནམ་གྲུའི་སྤ་སེའི་རིན་གོང་བཅག་ཡོད། ཁྲེན་པིན་ཧྭ་ཡིས་འབྲེལ་ཡོད་གནད་དོན་སྐོར་ལ་ལན་འདེབས་སྐབས་དབྱར་ཁའི་གུང་གསེང་རིང་ངོགས་གཉིས་དབར་འགྲོ་འོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར། སྐམ་ས་ཆེན་པོའི་མཁའ་འགྲུལ་ཀུང་སིས་ངོགས་གཉིས་ཀྱི་གནམ་གྲུ་ཐད་འཕུར་གྱི་མཁའ་ལམ་4སླར་གསོ་བྱས་པར་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། ང་ཚོས་ངོགས་གཉིས་ཀྱི་མཁའ་དབྱིངས་སུ་གནམ་གྲུ་ཐད་འཕུར་རྒྱུན་ལྡན་ཅན་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རྣམ་འགྱུར་ནི་ཧུར་ཐག་འབད་ཐག་དང་ཁ་གསལ་ཞིག་ཡིན། སླད་ཕྱིན་ཐའེ་དབན་ཕྱོགས་ཀྱིས་ངོགས་གཉིས་ཀྱི་མཁའ་ཐོག་འགྲུལ་སྐྱེལ་གནམ་གྲུ་ཐད་འཕུར་གྱི་དངོས་ཡོད་དགོས་མཁོར་ལྟ་སྟངས་ཡང་དག་འཛིན་པ་དང་དམངས་ཀྱི་བློ་དང་བསྟུན་ཏེ། ངོགས་གཉིས་ཀྱི་མཁའ་ཐོག་སྐྱེལ་འདྲེན་ལ་ལུགས་དང་མ་མཐུན་པའི་ཚོད་འཛིན་བྱས་རིགས་གང་མགྱོགས་མེད་པར་བཟོས་ནས་ངོགས་གཉིས་ཀྱི་མཁའ་འགྲུལ་ཀུང་སིས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་། དུས་གཏན་གནམ་གྲུའི་འཆར་གཞི་རང་ཚུགས་སུ་འགོད་རྒྱུའི་རེ་བ་ཡོད་ཅེས་ངས་སླར་ཡང་བསྐྱར་སྒྲོག་བྱེད་འདོད་ཡོད་ཅེས་བརྗོད།

དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཧྲང་ཧའེ་ཡི་དོམ་ཁྲ་འབུལ་མཁན་ཕྱོགས་ཐའེ་དབན་དུ་དོམ་ཁྲ་ཆུང་ཆུང་གི་ཐུག་འཕྲད་མཛད་སྒོར་ཞུགས་སུ་མ་བཅུག་པར་དམིགས་ཏེ། ཁྲེན་པིན་ཧྭ་ཡིས་དྲི་བར་ལན་འདེབས་སྐབས་ཧྲང་ཧའེ་དང་ཐའེ་པེ་གྲོང་ཁྱེར་གཉིས་དབར་གྱི་ལམ་སྲོལ་ཅན་གྱི་སྤེལ་རེས་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ཧྲང་ཧའེ་དང་ཐའེ་པེ་གྲོང་ཁྱེར་གླེང་སྟེགས་དེས། གྲོང་ཁྱེར་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ལ། ཐོབ་པའི་གྲུབ་འབྲས་ལ་ཚང་མས་མིག་མཐོང་ལག་ཟིན་བྱུང་ཡོད། དོམ་ཁྲ་ཆུང་ཆུང་ཐའེ་དབན་ལ་བསྐྱལ་བར་སྤུན་ཟླ་ཐའེ་དབན་བའི་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཧྲང་ཧའེ་ཡི་དོམ་ཁྲ་འབུལ་མཁན་ཕྱོགས་ནས་བཏང་བའི་མི་སྣ་ཐུག་འཕྲད་མཛད་སྒོར་ཞུགས་པར་ཁུངས་ལུང་མེད་པའི་རྙོག་དྲ་བཟོས་པ་དང་གུས་ཞབས་མེད་པར་ཁས་མ་བླངས་པ་དེ་ཐོག་ནས་དེའི“ཐའེ་དབན་རང་བཙན”གྱི་རང་གཤིས་དང་འགྲན་རྒོལ་བྱེད་སེམས་དམར་རྗེན་དུ་མངོན་ཡོད། ང་ཚོས་དེར་རྒོལ་གཏམ་གཏོང་གི་ཡིན། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ངོགས་གཉིས་ཀྱི་རྒྱུན་གཏན་གྱི་སྤེལ་རེས་མཉམ་ལས་ལ་འགོག་རྐྱེན་བཟོ་བ་དང་ཚོད་འཛིན་བྱེད་པ་དང་ངོགས་གཉིས་ཀྱི་འབྲེལ་བར་གཏོར་བཤིག་གཏོང་བའི་བྱེད་སྟངས་དེ། གླིང་ཕྲན་ནང་གི་གཙོ་རྒྱུན་དམངས་འདོད་དང་རྦད་དེ་རྒྱབ་འགལ་དུ་སོང་བ་ཞིག་ཡིན་པས། ཐའེ་དབན་དམངས་ཚོགས་ཀྱིས་ངོ་རྒོལ་བྱ་རྒྱུ་རེད་ལ་མཆིལ་མ་བཞིན་འདོར་ངེས་ཀྱང་རེད་ཅེས་བརྗོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ཁོས་ཞུས)