མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་གསར་པ་ཡོད་ཕྱིན། ཁྲིམས་འཛུགས་ཐད་ལའང་ལས་འགན་གསར་པ་ཡོད་པ་སྨོས་ཅི་དགོས།
ཉིན་ཤས་གོང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་པ་ལས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། དེས་མི་སྒེར་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་གང་ལེགས་བསྲུངས་ཏེ། “མཐེབ་གཞོང་མནན་ནས་གཞན་ལ་རྨས་སྐྱོན་གཏོང་མཁན”ལ་སྒྲིག་ཁྲིམས་ནན་པོའི་དམར་ཐིག་བཟོས་ཡོད།
ཉེ་བའི་ལོ་ཤས་རིང་། “དམར་རྗེན་དུ་བཏོན་པ” དང་། “གསང་བ་ཕྱིར་གྱར” དཀྲོག་གཏམ་བཟོས་ཏེ་ཁ་རུབ་རྒྱག་པ་སོགས་དྲ་རྒྱའི་གཏུམ་སྤྱོད་ཀྱི་དོན་རྐྱེན་ཡང་སེ་ཐོན་བཞིན་ཡོད་ཅིང་། དེས་དྲ་རྒྱའི་ཁོར་ཡུག་གི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་ཚོང་གཉེར་དྲ་རྒྱའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་མ་ཟད། ད་དུང་སྤྱི་དམངས་ཀྱི་བདེ་འཇགས་ཚོར་སྣང་ལའང་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད། དྲ་རྒྱའི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་རིམ་པ་དེ་བས་མཐོ་བའི་ཁྲིམས་འཛུགས་པ་ནི་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་། རྟོག་བཟོའི་འཇིག་རྟེན་ལ་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ཞིག་སྐྲུན་ཆེད་རེད།
“མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛུགས་པར་བཅངས་པའི་རེ་སྒུག་ནི་ཁྲིམས་ཡོད་མེད་ཙམ་མིན་པར། ཁྲིམས་ཡག་པོ་ཡོད་མེད་དང་། གོ་ཆོད་མིན། དངོས་ཡོད་ཀྱི་གནད་དོན་ཐག་གཅོད་ཐུབ་མིན་བཅས་རེད”
དྲ་རྒྱའི་གཏུམ་སྤྱོད་ནི་མཆེད་མགྱོགས་པ་དང་། ས་ཁྱབ་རྡོ་ཁྱབ་ཆེ་བ། གནོད་འཚེ་ཕོག་ཡུན་རིང་བ་བཅས་ཡོད། ཁྲིམས་འཛུགས་བརྒྱུད་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་དང་། ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་འཁོན་ཐོགས་མེད་པ། ལས་སྟེགས་བཅོས་སྐྱོང་དང་། སློབ་གྲྭའི་སློབ་གསོ། ཁྲིམས་འཛིན་སྲུང་སྐྱོང་སོགས་ཀྱི་ནང་དོན་ཁ་གསལ་བྱུང་སྟེ། འབྱུང་རྩ་ནས་འགོག་ཟོན་དང་ཁྲིམས་ལྟར་བཅོས་སྐྱོང་ཐུབ་པ་གང་ཞིག དྲ་རྒྱའི་གཏུམ་སྤྱོད་ཁྱབ་མཆེད་ཀྱི་སྦྲེལ་ཐག་བཅད་ནས་དྲ་རྒྱའི་གཏུམ་སྤྱོད་ཀྱི་མེ་ལྕེ་རྩ་མེད་དུ་གཏོང་ཐུབ།
ལམ་ལུཌ་ཀྱི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས། ཁྲིམས་སྐྱོང་གི་རལ་གྲི་རྣོན་པོས་དྲ་རྒྱའི་གཏུམ་སྤྱོད་ཀྱི་ལག་ངར་བཅད་ན་དྲ་རྒྱའི་ཁོར་ཡུག་དེ་བས་དྭངས་གཙང་ཡོང་ངེས་རེད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)