འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པེ་ཅིང་དུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་ལས་སྟེགས་རྩེ་གྲ་གོ་ལ་ཧྲིལ་པོའི་ཤེས་དཔལ་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་བ་རེད། གོ་ལ་ཧྲིལ་པོའི་ཤེས་དཔལ་ཞིབ་འཇུག་ཁང་བཙུགས་པའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་གཏིང་ཟབ་བསྟར་བ་དང་། རིག་ཚན་མང་པོ་མཉམ་འདྲེས་ཀྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་ཞིབ་འཇུག་ལས་དོན་སྤེལ་བ། ཀྲུང་ཧྭའི་ཤེས་དཔལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་རང་བརྟེན་གྱི་གོ་ལ་ཧྲིལ་པོའི་ཤེས་དཔལ་ཤེས་བྱའི་མ་ལག་མགྱོགས་མྱུར་གཏོད་པ་བཅས་བྱས་ནས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ལ་བསམ་བློའི་རྨང་གཞི་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོ་ལ་ཧྲིལ་པོའི་ཤེས་དཔལ་ཞིབ་འཇུག་ཁང་བཙུགས་རྗེས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་དང་། ཤེས་དཔལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས། ཤེས་དཔལ་གྱི་ལོ་རྒྱུས། ཤེས་དཔལ་བསྡུར་བ། མི་ཐབས་རིག་ནུས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལྡན་པའི་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་མུ་མཐུད་འདོན་རྒྱུ་རེད། དེ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་ཤེས་དཔལ་ཞིབ་འཇུག་ཁང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་རིག་གཞུང་གི་གླེང་མོལ་མཉམ་ལས་དྲ་རྒྱ་བསྐྲུན་ནས་རིམ་མཐོའི་རྒྱལ་སྤྱིའི་རིག་གཞུང་གི་སྤེལ་རེས་ལས་སྟེགས་གཏོད་རྒྱུ་རེད།
(མཚམས་གཅོད་ཀྱིས་བསྒྱུར། བསྟན་འཛིན་གྱིས་ཞུས)