《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

ཕྱི་འབྲེལ་པུས་བརྗོད་དོན།

ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོའི་དབྱར་ལྗོངས་ལ་ལྟ་བར་ཡོང་རྒྱུའི་དགའ་བསུ་ཞུ་གི་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་སྟེ་ཀྲུང་གོ་བའི་ཐབས་ལམ་ལ་བརྟེན་ནས་ཀྲུང་གོ་བའི་འཚོ་བར་ཉམས་ལེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོའི་དབྱར་ལྗོངས་ལ་ལྟ་བར་ཡོང་རྒྱུའི་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲི་བ་བཏོན་དོན། ཉེ་དུས་ཀྲུང་གོ་ཕྱོགས་ཀྱི་གཙོ་འགན་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་རྒྱལ་མཚམས་ནང་འཛུལ་མཁན་ཕྱི་རྒྱལ་བའི་ཁྲོད་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡུལ་སྐོར་བ་77.7%ལ་འཁྲོལ་མཆན་མི་དགོས་པར་རྒྱལ་ཁོངས་ནང་འཛུལ་ཆོག་པའི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཡོ་རོབ་ཀྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་དབྱར་ཁར་ཚོགས་པ་བསྒྲིགས་ནས་ཀྲུང་གོར་ཚ་གཡོལ་བྱེད་པར་ཡོང་བ་ང་ཚོར་དོ་སྣང་བྱུང་། དབྱིན་ཇིའི་དུས་དེབ《དཔལ་འབྱོར་རིག་པ་བ》ཞེས་པའི་ནང་། ཕྱི་རྒྱལ་གྱི་དྲ་དམངས་ཀྱིས་ཀྲུང་གོའི་རིག་གནས་དང་། ཐོན་རྫས། ཡུལ་སྐོར་ཉམས་ལེན་བཅས་བྱེད་པའི་སྤྲོ་སེམས་དེ་ཀྲུང་གོར་འཛད་སྤྱོད་ཡུལ་སྐོར་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བཞིན་ཡོད་ཅེས་འཁོད་པས། ་མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

ལིན་ཅན་གྱིས་བརྗོད་དོན། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་སྟེ་ཀྲུང་གོ་བའི་ཐབས་ལམ་ལ་བརྟེན་ནས་ཀྲུང་གོ་བའི་འཚོ་བར་ཉམས་ལེན་བྱེད་ཀྱི་ཡོད། ནུས་གསར་རླངས་འཁོར་འགྲེམས་ཁང་དང་། རྒྱལ་སྲོལ་སྐབས་འཕྲལ་ཚོང་ཁང་། ཚན་རྩལ་གསར་གཏོད་གླིང་ཁུལ་སོགས་ལས་རྣམ་གསར་པ་དག་རི་ཆུ་དང་གནའ་ཤུལ་སོགས་དང་འགྲོགས་ནས་ཡུལ་སྐོར་བས་ཡུལ་སྐོར་བྱ་ཡུལ་གསར་པར་གྱུར་ཡོད། ཕྱི་རྒྱལ་བས་རང་རྒྱལ་གྱི་དངོས་ཟོག་ཉོ་བའི་ཚ་རླབས་མུ་མཐུད་འཕྱུར་ནས་འཛམ་གླིང་ལ“ཀྲུང་གོའི་ཇུས་འགོད”དང“ཀྲུང་གོས་བཟོས་པའི”སྤུས་ཚད་དང་གསར་གཏོད་མཉམ་སྤྱོད་བྱས་ཡོད།

“ཕྱི་རྒྱལ་གྱི་གྲོགས་པོ་ཚོ‘ཀྲུང་གོར་ཡུལ་སྐོར’དང‘ཀྲུང་གོར་ཉོ་སྒྲུབ’ལ་དགའ་པོ་བྱེད་པ་ནི་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་མཐུན་རྐྱེན་སྦྱར་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་འཛམ་གླིང་དང་སྦྲེལ་མཐུད་བྱས་པ་ལས་བྱུང་བ་ཞིག་རེད། ཉེ་དུས་སྨྱན་སྦྱོར་གྱིས་དམངས་འདོད་བརྟག་དཔྱད་མི་ཉུང་བ་ཞིག་བྱས་ནས་ཞི་བདེ་འཕེལ་རྒྱས་ལ་གཞོལ་བ་དང་གསར་གཏོད་ཀྱི་གསོན་ཤུགས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་ཁེངས་པའི་ཀྲུང་གོར་ཡིད་ཆེས་དང་ཁས་ལེན་དེ་བས་མང་བ་ཐོབ་པ་ངས་དོ་སྣང་བྱུང་། ང་ཚོས་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོའི་དབྱར་ལྗོངས་ལ་ལྟ་བར་ཡོང་རྒྱུའི་དགའ་བསུ་ཞུ་གི་ཡིན”ཞེས་ལིན་ཅན་གྱིས་བརྗོད།